13.9.10

མེ་ལྕེ་ལྟ་བའི་ཁྱོད་རང་འབར་གྱིན་ཡོད།།

བདག་གི་བསླུ་མེད་གྲོགས་མཆོག་དམ་པ་འབྲོག་ཁེར་རྐྱེས་ཀྱིས་

རང་གི་འཚོ་བ་དངོས་མ་ཞིག་དང་མྱོང་ཚོར་དྭངས་མ་ཞིག་
ལ་གཞི་བཅོལ་ནས་བྲིས་བའི་སྙན་རྩོ་འདི་ནི་། ཁོང་གིས་
བརྒལ་དཀའ་བའི་བརྩེ་དུང་གི་གཡང་གཟར་ཞིག་ལ
ཕྱི་མིག་ཐེངས་ཤིག་བལྟས་པའི་རྒྱུད་རིམ་ནས་རྙེད་པའི་
ཐོབ་ཤོར་དང་།འགྱོད་གདུང་། ཡང་ན་རྨི་ལམ་ཞིག་ཡིན་
ཞེས་ཀྱང་བརྗོད་ཆོག་པ་འདྲ། གང་ལྟར་ཁོང་གི་ཚོར་གཤིས་
དང་ན་ཟུག་གིས་གྲུབ་པའི་རྩོམ་ཐུང་འདི་ཉིད་གྲོགས་པོ་ཁོང་
གི་ཐུགས་འདུན་བཞིན་འཁོར་བའི་སྣང་བ་འདྲོང་ས་ཞིག་དང་
སྲིད་པའི་བདེ་དོན་རྟོགས་པའི་མཐུན་རྐྱེན་ཞིག་ཏུ་འགྱུར་བའི་
སྨོན་འདུན་དང་བཅས འདིར་ཆེད་འགོད་བྱས་པ་ལགས།།

རྩོམ་པ་པོ།      འབྲོག་ཁེར་རྐྱེས།

དུས་ཚིགས་སྐར་ཆ་རེ་ཡང་ཕྲད་ན་བསམ།།
ཕྲད་པའི་དུས་དེར་སྙིང་གཏམ་གསུང་ན་བསམ།།
ནམ་ཡང་རེ་བའི་བརྩེ་སེམས་ལྡོམ་པོ་དེས།།
ང་རང་སྡུག་ལ་སྦྱར་བ་ཚོད་ཅིག་མེད།།
མི་ཚོགས་འདུས་པའི་ཁྲོད་དུ་ཁྱོད་རང་བཙལ།།
བཙལ་བའི་སེམས་པ་བརྩེ་བ་ཉིད་དུ་ངེས།།
ཁྱེད་ཀྱི་ཅི་ཡང་མིན་པའི་ཡ་ལན་དེས།།
བདག་སེམས་གཉོམ་པོ་གཅིག་བུར་སྤྲད་ནས་ཐལ།།
རེ་བ་མཐོ་སའི་མི་དེ་སུ་ཞིག་ཡིན།།
དུང་བ་ཟབ་སའི་གྲོགས་དེ་གང་ཞིག་ཉིད།།
ཨོ་ལོའི་སེམས་ཀྱི་སྟེགས་བུ་མཐོན་པོ་ན།།
མེ་ལྕེ་ལྟ་བའི་ཁྱོད་རང་འབར་གྱིན་ཡོད།།
རེ་བ།
ཁེར་རྐྱང་གོམ་པའི་བར་ལག་རེ་ལ།།
བརྩེ་འདང་འཚོ་བའི་རྦ་རླབས་འཕྱུར་བའི།།
དྲག་འགུལ་མེད་པའི་མཚན་གཞུང་རིང་མོ།།
མིག་ཆུས་སྔས་མགོ་བརླན་པར་བྱས་ཡོད།།
དྲག་ཆར་ལྟ་བའི་གློ་བུར་ཉིད་དུ།།
བྲལ་བའི་དུས་ཚིགས་མགོ་ལ་སླེབས་ཐལ།།
སྙིང་ཤ་དམར་བོ་ཚལ་བར་གས་ཐལ།།
མིག་ཆུའི་ཀློང་ནས་གྱེས་ཚིགས་བརྗོད་དུས།།
ས་སྲོད་མཚན་མོའི་བར་མཚམས་རེ་ལ།།
ཕྱི་དྲིན་འཚོ་བའི་སྒོ་མོ་ཕྱེས་ཏེ།།
ཕན་ཚུན་བགྲོད་པའི་དུས་ཚིགས་རེ་རེ།།
ཡིད་ལ་དྲན་པའི་གདུང་བ་ལྕིའོ།།
སེམས་འཕྲིན།
བརྩེ་བའི་གསང་འཕྲིན་དམར་བོ་ཕྱི་ལ་ཤོར་ཐལ།།
ཁྱོད་རང་དགོངས་པ་འཚུབ་ནས་ན་ཟུག་བསླངས་ཐལ།།
བསམ་གཞིག་སྟོང་གི་རི་བོ་བརྒལ་དགོས་བྱུང་ཐལ།།
ཨ་ཐང་ཆད་པའི་སེམས་འདི་སྡུག་ལ་སྦྱར་ཐལ།།
གདུང་བའི་མིག་ཆུ་འཁུར་ཚོས་བརྒྱུད་ནས་བཞུར་ཐལ།།
སུ་ཡི་སེམས་ལ་བསུབ་མེད་རྨ་ཞིག་བཟོས་ཐལ།།
ཁ་སང་ཁྱོད་ཀྱི་སྙིང་གཏམ་རི་ལས་ལྕི་ཐལ།།
སྙིང་གཏམ་དེ་ཡང་རྨི་ལམ་ཡིིན་ན་བསམ་ཐལ།།
མི་ཚོགས་མང་པོའི་དཀྱིལ་ཏུ་ལྐོག་ལྟ་བྱས་ཐལ།།
གཉོམ་ལ་དུང་བའི་ལུས་ཟུང་དྲན་པར་རྒྱུ་ཐལ།།
ཉིན་དང་མཚན་གྱི་སེམས་པ་ཁྱོད་ཀྱིས་ཁྱེར་ཐལ།།
ལ་སྒྲོན་འོག་གི་སེམས་གཞས་སུ་ལ་འཁྲེང་ཐལ།།

མེ་ལྕེ་ལྟ་བའི་ཁྱོད་རང་འབར་གྱིན་ཡོད།

བདག་གི་བསླུ་མེད་གྲོགས་མཆོག་དམ་པ་འབྲོག་ཁེར་རྐྱེས་ཀྱིས་རང་གི་འཚོ་བ་དངོས་མ་ཞིག་དང་
མྱོང་ཚོར་དྭངས་མ་ཞིག་ལ་གཞི་བཅོལ་ནས་བྲིས་བའི་སྙན་རྩོ་འདི་ནི་།
ཁོང་གིས་བརྒལ་དཀའ་བའི་བརྩེ་དུང་གི་གཡང་གཟར་ཞིག་ལ་ཕྱི་མིག་ཐེངས་ཤིག་བལྟས་པའི་
རྒྱུད་རིམ་ནས་རྙེད་པའི་ཐོབ་ཤོར་དང་།  འགྱོད་གདུང་། ཡང་ན་རྨི་ལམ་ཞིག་ཡིན་ཞེས་ཀྱང་བརྗོད་ཆོག་པ་འདྲ།

གང་ལྟར་ཁོང་གི་ཚོར་གཤིས་དང་ན་ཟུག་གིས་གྲུབ་པའི་རྩོམ་ཐུང་འདི་ཉིད་གྲོགས་པོ་ཁོང་གི་ཐུགས་འདུན་བཞིན་
འཁཽར་བའི་སྣང་བ་འདྲོང་ས་ཞིག་དང་སྲིད་པའི་བདེ་དོན་རྟོགས་པའི་མཐུན་རྐྱེན་ཞིག་ཏུ་འགྱུར་བའི་སྨོན་འདུན་དང་བཅས་འདིར་ཆེད་འགོད་བྱས་པ་ལགས།
རྩོམ་པ་པོ། འབྲོག་ཁེར་རྐྱེས།
དུས་ཚིགས་སྐར་ཆ་རེ་ཡང་ཕྲད་ན་བསམ།།
ཕྲད་པའི་དུས་དེར་སྙིང་གཏམ་གསུང་ན་བསམ།།
ནམ་ཡང་རེ་བའི་བརྩེ་སེམས་ལྡོམ་པོ་དེས།།
ང་རང་སྡུག་ལ་སྦྱར་བ་ཚོད་ཅིག་མེད།།
མི་ཚོགས་འདུས་པའི་ཁྲོད་དུ་ཁྱོད་རང་བཙལ།།
བཙལ་བའི་སེམས་པ་བརྩེ་བ་ཉིད་དུ་ངེས།།
ཁྱེད་ཀྱི་ཅི་ཡང་མིན་པའི་ཡ་ལན་དེས།།
བདག་སེམས་གཉོམ་པོ་གཅིག་བུར་སྤྲད་ནས་ཐལ།།
རེ་བ་མཐོ་སའི་མི་དེ་སུ་ཞིག་ཡིན།།
དུང་བ་ཟབ་སའི་གྲོགས་དེ་གང་ཞིག་ཉིད།།
ཨོ་ལོའི་སེམས་ཀྱི་སྟེགས་བུ་མཐོན་པོ་ན།།
མེ་ལྕེ་ལྟ་བའི་ཁྱོད་རང་འབར་གྱིན་ཡོད།།
རེ་བ།
ཁེར་རྐྱང་གོམ་པའི་བར་ལག་རེ་ལ།།
བརྩེ་འདང་འཚོ་བའི་རྦ་རླབས་འཕྱུར་བའི།།
དྲག་འགུལ་མེད་པའི་མཚན་གཞུང་རིང་མོ།།
མིག་ཆུས་སྔས་མགོ་བརླན་པར་བྱས་ཡོད།།
དྲག་ཆར་ལྟ་བའི་གློ་བུར་ཉིད་དུ།།
བྲལ་བའི་དུས་ཚིགས་མགོ་ལ་སླེབས་ཐལ།།
སྙིང་ཤ་དམར་བོ་ཚལ་བར་གས་ཐལ།།
མིག་ཆུའི་ཀློང་ནས་གྱེས་ཚིགས་བརྗོད་དུས།།
ས་སྲོད་མཚན་མོའི་བར་མཚམས་རེ་ལ།།
ཕྱི་དྲིན་འཚོ་བའི་སྒོ་མོ་ཕྱེས་ཏེ།།
ཕན་ཚུན་བགྲོད་པའི་དུས་ཚིགས་རེ་རེ།།
ཡིད་ལ་དྲན་པའི་གདུང་བ་ལྕིའོ།།
སེམས་འཕྲིན།
བརྩེ་བའི་གསང་འཕྲིན་དམར་བོ་ཕྱི་ལ་ཤོར་ཐལ།།
ཁྱོད་རང་དགོངས་པ་འཚུབ་ནས་ན་ཟུག་བསླངས་ཐལ།།
བསམ་གཞིག་སྟོང་གི་རི་བོ་བརྒལ་དགོས་བྱུང་ཐལ།།
ཨ་ཐང་ཆད་པའི་སེམས་འདི་སྡུག་ལ་སྦྱར་ཐལ།།
གདུང་བའི་མིག་ཆུ་འཁུར་ཚོས་བརྒྱུད་ནས་བཞུར་ཐལ།།
སུ་ཡིས་སེམས་ལ་བསུབ་མེད་རྨ་ཞིག་བཟོས་ཐལ།།
ཁ་སང་ཁྱོད་ཀྱི་སྙིང་གཏམ་རི་ལས་ལྕི་ཐལ།།
སྙིང་གཏམ་དེ་ཡང་རྨི་ལམ་ཡིིན་ན་བསམ་ཐལ།།
མི་ཚོགས་མང་པོའི་དཀྱིལ་ཏུ་ལྐོག་ལྟ་བྱས་ཐལ།།
གཉོམ་ལ་དུང་བའི་ལུས་ཟུང་དྲན་པར་རྒྱུ་ཐལ།།
ཉིན་དང་མཚན་གྱི་སེམས་པ་ཁྱོད་ཀྱིས་ཁྱེར་ཐལ།།
ལ་སྒྲོན་འོག་གི་སེམས་གཞས་སུ་ལ་འཁྲེང་ཐལ།།

10.9.10

གུས་སེམས་དང་ནོངས་འགྱོད།

ཆེས་ཐོག་མའི་བོད་ཀྱི་མི་དོན་བསམ་བློ་པ་དགེ་འདུན་ཆོས་འཕེལ་གླེང་བ། དང་པོ་གླེང་སློང་བའི་གཏམ།
སྤྱིར་སྟེང་ཁོ་བོ་དང་འགྲོག་འདྲིས་ཆེ་བའི་མི་དག་ནི་སྤྱི་ཚོགས་རང་བཞིན་གྱི་ཐུགས་ཁུར་དང་། མི་ཇུས་ཤེས་རིག་གི་ཕྱོགས་གང་ནས་བལྟས་རུང་ཆག་འཇོག་འོས་ས་ཞིག་དང་། འདས་མ་ད་གསུམ་ལ་དཔྱོད་ཤེས་ཀྱི་མིག་ཡོད་མཁན་ཉུང་ཉུང་ཡིན་པས།སྐད་ཆ་ལབ་གླེང་གང་ཡིན་ཡང་དཔྱད་འཇུག་གི་གཞི་འཛིན་འོས་པ་ཞིག་ཡེ་ནས་མེད་མོད། མི་ཤེས་ཤེས་མདོག་སྟོན་པའི་བླུན་པོ་འདི་དག་ གི་ཁྲོད་ན་མ་བརྟག་མ་དཔྱད་པར་ད་དུང་ཡང་དགེ་འདུན་ཆོས་འཕེལ་སངས་རྒྱས་ཆོས་ལུགས་ལ་ངོ་ལོག་གི་འདུ་ཤེས་ཅན་ཞིག་དང་། བླ་མ་སྤྲུལ་སྐུ་ལ་མཐོང་ཆུང་གི་ཚིག་མཚོན་འདེབས་མཁན་ཞིག རྗེ་རིན་པོ་ཆེ་ལ་དགག་རྒྱག་གི་མདུང་ཁ་བསྐོར་བ་པོ་སོགས་མང་དག་ཅིག་སྙད་བཏགས་ནས་དགེ་འདུན་ཆོས་འཕེལ་ལགས་མི་ཡུལ་ནས་གསོན་མ་ཐུབ་པའི་རྒྱུ་རྐྱེན་རེ་རེ་ཁོང་རང་སྟེང་ན་ཡོད་པར་བར བརྗོད་པ་ཐོས་དུས་དེས་བསླང་བའི་ན་ཟུག་ནི་དངོས་གནས་བརྗོད་ཐུབ་མེད་པ་ཞིག་ཡིན་འདུག སྤྱིར་ན་དེ་དག་དགེ་ཆོས་ལོ་རྒྱུས་ཀྱི་ཟུར་ཙམ་ཡང་མིག་གིས་མ་མཐོང་བའི་གྲྭ་རྒན་བླ་རྒན་རེ་ཟུང་གིས་བཤད་ཡམས་ཙམ་དང་དེས་ཤན་ཞུགས་པའི་ཅོལ་ཆུང་བསམ་མེད་བསྐོར་ཞིག་གིས་སྒྲོ་འདོག་བསྙོན་འཛུག་གི་གཏམ་ཞིག་ཡིན་པ་ལས་དངོས་ཡོད་གནས་ལུགས་མཐོང་བའི་མིག་ཡོད་མཁན་ཞིག་དང་ ། དོན་གྱི་མི་རིགས་འདི་ཤ་ཚ་མཁན་ཞིག་ཡིན་ན་ནི་མི་གཞི་དམར་གསོད་བྱེད་པའི་སྦྱོར་བ་འདི་འདྲ་རྩོམ་གྱི་མ་རེད། དེ་ལས་ལྡོག་ཏེ་དགེ་འདུན་ཆོས་འཕེལ་ལགས་མི་ཡུལ་ནས་གསོན་མ་ཐུབ་པའི་རྒྱུ་དང་རྐྱེན་རེ་རེ་ནི་ཁོང་ཉིད་ལྟ་ལོག་པ་དང་ངོ་ལོག་པར་རྩི་བའིཤ་ཚ་སྙིང་རྗེ་མེད་པའི་རང་མི་བླུན་པོ་དེ་ཚོའི་སེམས་སྟེང་གི་དུག་མདུང་ལྕགས་སྒྲོག་བསྣོལ་མ་དེ་ཡིན་པ་ཐེ་ཚོམ་ཅི་ཡང་མི་དགོས། བདེན་པ་སྲོག་དུ་བརྩི་བའི་དགེ་ཆོས་ལགས་མི་རབས་ཕྱི་མ་དག་གི་ཐོབ་སྐལ་གྱི་ལོ་རྒྱུས་ཤིག་དང་དམིགས་བསལ་གྱི་བསླབ་བྱ་ཞིག་ཡིན་པས། འུ་ཚོས་ཐོག་མཐའ་བར་གསུམ་དུ་ཁོང་ཉིད་གལ་ཆེན་འགངས་ཆེན་དུ་བརྩིས་ཏེ་དམ་པ་ཁོང་གི་གསར་གཏོད་ཀྱི་སྙིང་སྟོབས་དང་ཞུམ་པ་མི་མངའ་བའི་རང་ཚུགས་སོགས་ལ་བསམ་བཞིནབློ་སྦྱོང་ཉམས་ལེན་གྱིས་རྒྱུད་ལ་སྦྱར་རྒྱུ་ནི་བོད་རིགས་ན་གཞོན་དག་གི་དུས་བསྟུན་བབ་བསྐྱོད་ཀྱི་ལམ་ཁ་ཞིག་དང་། ཁ་ཚ་དགོས་གཏུགས་ཀྱི་དོན་གནད་ཅིག་ཡིན་པ་བསྙོན་དུ་མེད་དོ།
དགེ་ཆོས་ཀྱི་རིན་ཐང་གཙོ་བོ་གསུམ་དུ་བཀར་ཆོག
གཅིག་ནི་མི་གཞིའི་མཛེས་སྡུག་གི་རིན་ཐང་དང་། གཉིས་ནི་གསར་གཏོད་རང་བཞིན་གྱི་ཐུགས་གཤིས། གསུམ་ནི་མི་ཇུས་རིག་གནས་ཀྱི་བསམ་བློ་རེད།
དང་པོ་མི་གཞིའི་མཛེས་སྡུག་གི་རིན་ཐང་།
ཆེ་འདོད་རེ་བའི་གཞི་མ་མེ་ནང་དུ་བསྲེགས་ཤིིང་།། མི་འདོད་ཁྲལ་གྱི་བཙུན་གཟུགས་ཐལ་དོང་དུ་བསྐྱུར་བའི་ལོག་རྟོག་དོན་གྱི་སྙིང་སྟོབས་དང་། བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།། རང་ཉིད་བླུནཔོའི་རྗེས་སུ་མི་འབྲང་བའི་བསླུ་མེད་བདེན་དྲང་གི་གཤིས་ཀ།
ཀ་ཆུ་ཡན་ཆད་ནག་ཆུ་མན་ཆད་ན། ཁ་ཚིག་མཐོ་བའི་སྐྱེ་བོ་མང་ན་ཡང།། ག་ལེར་བསམ་ན་རང་རེ་ཐ་སྙད་པའི།། ང་རྒྱལ་དེ་ནི་དོན་གྱི་ང་རྒྱལ་ཡིན་པས་སུ་ལའང་བརྩི་འཁུར་མི་བྱེད་པའི་སྙིང་སྟོབས། རང་ཐག་མ་ཆོད་སུ་ལ་ཡིད་རྟོན་བྱེད།། རང་ཐག་ཆོད་ན་སུ་ཡི་རྗེས་སུ་འབྲང་བའི་རང་གཤིས་རང་ལུགས་ཀྱི་ལྟ་བ།
གཞན་ཡང་བཙོན་ཁང་ནང་ནས་འགྲོག་པའི་བྱང་འབྲོག་དགེ་རྒྱས་ཀྱི་བུ་མོ་ཅི་ཡང་མི་ཤེས་པ་དེར་རང་ལ་དངུལ་སྲང་ཆིག་སྟོང་བདུན་བརྒྱ་དང་ལྔ་བཅུ་ཡོད་པ་ཆ་ཚང་མོ་ལ་སྤྲད་ནས་མི་རང་ཕ་ཡུལ་དུ་བཏང་བ་ཡིན་གསུང་བའི་ཚིག་དམ་འདི་འདྲ་བ་དག་ལས་ཀྱང་དམ་པ་ཁོང་གི་བསླུ་མེད་གཞུང་དྲང་གི་མི་གཤིས་དང་། རྒྱུ་འབྲས་བློ་མིག་ཅན་གྱི་མི་གཞི་དེ་གསལ་བར་མཐོང་ཐུབ་ཅིང་། གཅ ེས་པའི་ཚེ་སྲོགས་ལས་ཀྱང་བདེན་པའི་གནས་ལུགས་གལ་ཆེ་བའི་སྐྱེས་བུ་ཞིག་གི་ནང་སེམས་ཀྱི་འཇིག་རྟེན་ལའང་རྒྱང་མཇལ་བྱེད་ཐུབ་ཀི འདི་དག་དགེ་ཆོས་ཀྱི་མི་གཞིའི་མཛེས་སྡུག་གི་རིན་ཐང་དང་ཁྱད་ཆོས་ཀྱི་ཕྱོགས་ནས་བརྗོད་པ་ཡིན།
གཉིས་པ་གསར་གཏོད་རང་བཞིན་གྱི་ཐུགས་གཤིས།
དེབ་ཐེར་དཀར་བོས་བོད་ཀྱི་ལོ་རྒྱུས་ཀྱི་ཆད་ལྷག་གི་སྟོང་ཆ་བསྐང་ཡོད་པ་རེད་།འབྲི་ཐབས་དམིགས་བསལ་ཞིག་སྤྱད་པ་རེད།མི་རིགས་གཞན་པས་བོད་ཀྱི་རིག་གནས་གནོད་གཅུད་ངོས་འཛིན་དང་བོད་རང་གི་ངོས་འཛིན་བྱེད་སྟངས་གཉིས་གཤིབ་བསྡུར་དང་། ཏུན་ཧོང་གི་ཡིག་རྙིང་རྣམས་དཔྱད་གཞིར་བཟུང་ཏེ་ངག་སྒྲོས་དང་བཤད་ཡམས་ཙམ་མ་ཡིན་པའི་ཞིབ་འཇུག་གི་བྱེད་སྒོ་སྣ་ཚོགས་ཤིག ་བཀོལ་ནས་བོད་ཀྱི་ལོ་རྒྱུས་ཟེར་བ་དེ་རྒྱུ་མཚན་གླེང་ས་ཡོད་པ་ཞིག་བྱས་ཡོད་པ་རེད། དཔེར་ན་བོད་ཅེས་པའི་མིང་ཇི་ལྟར་ཐོགས་པ་ཡིན་མིན་གྱི་ཐད་གཅིག་ བུ་ནའང་སྔོན་ཆད་སུས་ཀྱང་གླེང་མ་མྱོང་བའི་དཔྱོད་ཤེས་ཀྱི་སྒོ་མོ་ཞིག་གསར་དུ་ཕྱེས་ཡོད་པ་རེད། སྲིད་ལུགས་གཙོར་གཟུང་གིས་སྟོང་བཤད་དང་དག་སྣང་མིན་པའི་ཕྱོགས་ཀུན་ནས་འཐུས་སྒོ་ཚང་བའི་ལོ་རྒྱུས་དེབ་ཐར་འདི་གསར་བརྩམས་གནང་བ་དེས།རྟོག་གཟོ་དང་ལྷ་སྒྲུང་རང་བཞིན་གྱི་བོད་ཀྱི་ལོ་རྒྱུས་འབྲི་ཚུལ་ལ་ ཆེས་ཐོག་མར་རྫོགས་ཚིག་བཀོད་པ་རེད།
འུ་ཚོ་བོད་འདི་སྤྱི་ཡོངས་ཀྱི་རང་ལུགས་མེད་པར་གཞན་ལ་ལད་ཟློས་བྱེད་པར་དགའ་བའི་རྐྱེན་གྱིས་རང་རང་གི་རྣམ་དཔྱོད་ལ་བདེན་ཁ་སྟེར་མཁན་ཉུང་ཞིང་རང་རང་གི་ལྟ་བ་དང་གྲུབ་མཐའ་ཞིག་ཆག་ཐུབ་མེད་པ་རེད། འདི་ན་ཐམས་ཅད་ཐལ་འགྱུར་བ།། ཞེས་པ་འདི་བོད་ལ་ཁ་ཕྱོགས་དང་རང་ལུགས་མེད་པའི་རྒྱུ་མཚན་དུ་གསལ་བ་ལྟར་རེད། སྤྱི་ཚོགས་འདི་ འདྲ་ཞིག་གི་ནང་དུ་དགེ་འདུན་ཆོས་འཕེལ་ཀྱིས་ཁོར་ཡུག་གི་ཤན་ཞུགས་དང་ལྷད་སྐྱོན་གང་གིས་མ་གོས་པར་ངག་སྒྲོས་དང་བཤད་ཡམས་ཀྱི་ལམ་ཁ་བསྐྱུར་ནས་རང་ཉིད་ཀྱི་རྣམ་དཔྱོད་ལ་ཡིད་ཆས་དང་བདེན་ཁ་བྱིན་ཏེ་སྐད་གྲགས་ཆེ་བའི་དབུ་མའི་ལྟ་གྲུབ་ཀྱི་དགོངས་དོན་བཀྲལ་བ་རེད། མཁས་པ་རང་ལུགས་ཅན་ཁོང་གིས་ཨ་འགྲེལ་ཡང་འགྲེལ་དང་བསྐྱར་བཟློས་ཡང་ཟློས་ཀྱི་བོད་སྤྱི་བའི་བསྟན་བ ཅོས་རྩོམ་སྟངས་ལས་མངོན་པར ་བརྒལ་བའི་མཆོངས་བསྐྱོད་བྱས་པ་ཡོད་པ་རེད །
གསུམ་པ་མི་ཇུས་རིག་གནས་ཀྱི་བསམ་བློ།
ཁོང་གི་ལོ་རྒྱུས་དང་གསུང་རྩོམ་གང་ཞིག་མཐོང་ནའང་མི་བུ་ཞིག་གི་ཁྱད་རྟགས་གསལ་བར་མངོན་ཡོད་ལ། མི་བུ་རང་མཚན་པ་ཞིག་གི་བདེ་སྡུག་གི་རྣམ་པའང་གསལ་བར་ཐོན་ཡོད། ལྷ་དང་དཀོན་མཆོག་གིས་དབང་དུ་ཚུད་ཅིང་དད་པ་དག་སྣང་ལ་བདེན་ཁ་བྱིན་ཏེ་མི་བུའི་གཤིས་ཀ་བརླགས་དུ་བཅུག་མེད་པ་རེད། ངས་དད་པ་མི་ཤེས་དད་པ་ཟེར་རྒྱུ་འདི་གཅིག་བྱེད་ན་དགའ་ནས་བྱེད། གཅིག ་བྱེད་ན་ཞེན་པས་བྱེད་ཅེས་གསུང་པ་འདིའི་མཚོན་པའི་མི་སྐད་རྣལ་མ་དག་གིས་སྐབས་དུས་ཀྱི་བོད་ཀྱི་སྤྱི་ཚོགས་དེ་ཁ་ཕྱོགས་གསལ་བ་ཞིག་ཏུ་ཁྲོད་འགོ་བཙུགས་པ་རེད། འཛམ་གླིང་གི་གནས་བབ་མཐོ་ས་ནས་བལྟས་ཏེ་མི་རིགས་ཀྱི་འཇིགས་ཉེན་དང་པོ་ཁོང་གིས་བརྗོད་པ་རེད། ཉེ་རབས་ཀྱི་དོན་གྲུབ་རྒྱལ་དང་ད་ལྟའི་སྐུ་ཞབས་ཞོགས་དུང་སོགས་ཀྱིས་གླེང་བཞིན་པའི་མི་དང་མིའི་འཚོ་ག ནས་ལ་ཕྱོགས་བའི་ལྟ་བ་དང་བསམ་བློ་དག་དང་པོ་དགེ་ཆོས་ཉིད་ནས་འགོ་ཚུགས་པ་ཞིག་རེད། ཧ་ཅང་ཡིད་སྐྱོ་བ་ཞིག་ལ། ཡིན་པར་བཤད་ན་མ་ཡིན་པར་གོ་ཞིང་མ་ཡིན་པར་གླེང་ན་ཡིན་པར་བཟུང་འགྲོ་བའི་བུད་ཤིང་འདྲ་བའི་བོད་གཞུང་བཀའ་ཤག་ཟེར་བའི་སྐུ་དྲག་སྐྱུག་དྲོ་བ་དེ་ཚོས་རིག་པའི་སྐྱེ་མཆོག་ཁོང་ལ་གཅིག་བར་ལུས་པའི་བདེན་པའི་བུ་ཆུང་ལ།། ཤེས་རབ་སྤྱན་གྱིས་ཐུགས་རྗེའི་དབྱིངས་ནས་དགོངས་པ་མེད་པར་སྣང་རྩེ་ཤར་ལས་ཁུངས་སུ་བཅུག་ནས་ལྕགས་ཚན་མང་པོ་ གཞུས་ཤིང་དེ་ནས་རྩེ་ཞོལ་ལས་ཁུངས་སུ་ལོ་གཉིས་དང་ཟླ་བ་བཞི་ཙམ་ལ་བཙོན་ཁང་དུ་བཅུག་པ་རེད། དེ་དུས་ཤ་སྐམ་རིད་དུ་གྱུར་བ་དང་བཙོན་གྲོལ་སྐབས་སུ་ཡུད་ཙམ་བརྒྱལ་བ་ལྟ་བའི་ཅི་ཟེར་མེད་པ་ཞིག་འདུག་ཅེས་སོགས་ཞེ་གནག་བསམ་ངན་ས་སྡུག་གྱོང་མནར་སྤྱོད་ཚད་མེད་བཏང་ནས་མཐར་ཁོང་ཉིད་ཤི་ཡང་ཕྱི་མིག་ལྟ་བའི་འདུན་པ་ཞིག་གི་ངང་ནས་མི་འདོད་བཞིན་འཆི་ལམ་དུ་བརྫིང་བ་རེ ད།

9.9.10

རྒྱང་བཞུད

ཁྱོད་ཀྱི་གླུ་སྐད་དགུང་སྔོན་དབྱིངས་སུ་གྲགས་དང་ལྷན།།

ཕུགས་བསམ་མུ་མེད་སྔོ་ལྗང་རླབས་ཀྱིས་གནམ་ས་གཡོས།།
འདབ་ཆགས་ཚོགས་ཀྱིས་སྤོབས་པའི་གཤོག་རྡང་བསྒྲིལ་བྱས་ཏེ།།
རང་དབང་དར་ཆེན་སྲིད་པའི་རྩེ་རུ་བསྒྲེང་བར་བརྩོན།།

ལྷུང་ལྷུང་དལ་འབབ་གཙང་ཆབ་སྔོན་མོ་ཁྱོད་དང་མཚུངས།།
ཞུམ་པ་མེད་པའི་སྙིང་སྟོབས་ཁྱེར་ཏེ གཞན་ཡུལ་བསྙེགས།།
ལས་སྨོན་སྟོང་གི་རྫོང་བ་འདེགས་པའི་ཁྲུང་ཁྲུང་དེ་ཡང་ཁྱོད་ཡིན་ནམ།།
དུས་ཀྱི་སྐལ་བའི་འགྱོགས་འགྲོར་བཅུབས་ཏེ་རྒྱང་དུ་བཞུད།།

མི་རྣམས་གདུང་བའི་མགོ་བོ་དུད་ཚེ་གློ་བུར་དུ།།
ཁྱོད་ཉིད་ཕྱོགས་སྟོན་སྐར་ཆེན་ཞིག་ཏེ་འོད་ཟེར་སྤྲོས །།
གདུང་བའི་ངུད་མོ་སླར་ཡང་འཇགས་པའི་ཐུགས་བསྐྱེད་ཀྱིས།།
ལོ་རྒྱུས་གསར་བའི་གླེང་གཞི་ཞིག་ལ་སྔོན་འགྲོ་བྲིས །།



འདོན་སྤེལ།: ༢༠༡༠/༠༨/༠༧

ཡིན་ནི་འདི་འདྲ་ཡིན་ལེ་གདའ








ཡིད་ཀྱི་ནམ་མཁའ་ཡངས་པོ་དེ།།
ཆུ་འཛིན་འདབ་མ་དཀྲིགས་པ་ཡོད།།
དྭངས་མ་ཤེལ་གྱི་ས་གཞི་ལ།།
རྡུལ་གྱི་ལྷད་པ་བརྩེགས་མར་གནས།།
མདུན་དུ་འཐེན་པའི་ལམ་ཕྲན་དེར།།
ཀྱག་ཀྱོག་བརྒྱ་དང་བརྒྱད་ཅུར་ཟུག།
གོམ་གང་མདུན་ལ་བསྒྱུར་བ་པོ།།
ཕྲ་མ་སྟོང་གི་དབྱིངས་དུ་བསྐྱལ།།
ཤེས་དང་མི་ཤེས་བླུན་པོའི་ཚོགས།།
རྡོག་སྣེ་ཕྱི་ལ་གཏད་ནས་ཡོད།།
ཡིད་ཀྱི་རྒྱང་དམིགས་སླེབས་པ་པོ།།
གསོད་གཏུབ་བྱེད་པའི་མཚོན་ཆ་རྣོ།།
གྲངས་དང་སྒྲིག་དང་ཁ་དོག་རྣམས།།
གཙོ་ཞེས་ལམ་སྟོན་རྒྱུད་མི་ཆད།།
རྣོ་ངར་ཆེ་བའི་བསམ་བློ་པ།།
ཅུང་ཙམ་འབར་ན་གདོང་གཏད་ཀྱིས།།
ལྟ་ལོག་འདོགས་པར་ཐེ་ཚོམ་ཅི།།
གཅིག་ཙམ་མཆིས་པ་མང་འདུག་ཅེས།།
རྒྱང་ཕུད་བྱེད་པའི་སྟ་གོན་ཡོད།།
ཆོས་དང་འགལ་ཚེ་དམ་ཉམས་ཞེས།།
དམོད་མོ་སྟོང་གི་བརྫངས་བ་ཡོད།།
འགྲོ་ཀུན་བྱམས་དང་སྙིང་རྗེ་ཞེས།།
ཚུལ་འཆོས་འབག་གི་གདོང་ཁེབ་ཡོད།།
ཚེ་དང་ཕྱི་མའི་སྔོ་སྨོན་ཞེས།།
ཟ་ས་བཏུང་ས་མང་ཞིག་ཡོད།།
ཆོས་ཚོགས་ཆོས་བཙོང་མི་ཤེས་མོད།།
སྒོར་རྡོག་བཙལ་ས་འགའ་རེ་ཡོད།།
ཨ་བོ་མགོ་རྡུམ་དེ་ཚོ་ལ།།
ད་ལྟ་ཆོས་ཚོགས་རྒྱས་པ་ཡོད།།
ན་གཞོན་ལང་ཚོ་དར་བ་ཚོ།།
ཕུགས་བསམ་བླ་རྒན་རྒས་གོག་ཡིན།།
རྟགས་གསལ་རིགས་ལམ་ཕྲན་ཙམ་ཡང་།།
མི་ཤེས་མཁན་ཡང་གནས་འདི་རུ།།
བསྡད་ན་གཞན་དང་མཚུངས་མིན་ཞེས།།
ཨུ་ཚུགས་རྒྱག་མཁན་ག་ཚོད་ཡོད།།
བླང་དང་དོར་བྱའི་གནས་ཀུན་པོ།།
ཅུང་ཙམ་མི་ཤེས་བླུན་པོ་ཡང་།།
ང་རྒྱལ་མགོ་འཕང་མཐོ་སེ་ཡོད།།
རྒན་པོ་བུད་ཤིང་འདྲ་བ་དག།
སྤྱི་བོར་རྟག་ཏུ་བཀུར་དགོས་འདུག།
ཀ་ཁའི་ཐོབ་ཐང་མི་ཤེས་པའི།།
གྲྭ་རྒོད་གླད་གྱོང་དུ་ཙམ་ཡོད།།
གསར་བར་གསར་དྲི་ཁག་འདུག་ཅེས།།
མཐོང་ཆུང་བྱེད་མཁན་ག་ཚོད་མཆིས།།

འཚོ་བའི་ལམ་དུ།

གྱེས་བྲལ་སེམས་པ་ལ་རྨས་སྐྱོན་ཕོག་ཡོད།།
དྲན་གདུང་རབ་རིབ་ཀྱི་སྙན་ངག་བྲིས་ཡོད།།
ཡིད་སེམས་སྟོན་མཇུག་གི་སྡོང་ལོ་སེར་བོ།།
དགའ་སྐྱོ་ཆགས་སྡང་གི་རླུང་ལ་བསྐུར་ཡོད།།

གོམ་པའི་རྡོག་སྣེ་དེ་ཕྱི་ལ་གཏད་ནས།།
ཐོག་མའི་འཚོལ་སྙེག་གི་ཡུལ་དུ་སླེབས་སོང་།།
གནོང་དང་འགྱོད་པ་ཡི་ཕང་སེམས་ཤིག་ལས།།
བཙལ་ནས་རྙེད་པ་ཞིག་ཡོད་ཚོད་མི་འདུག།

སྣང་བའི་གླུ་སྐད་དེ་ཡིད་ཀྱིས་བསྐྱོར་བཞིན།།
བགྲོད་ལམ་ཁྲི་སྟོང་གི་ཁ་མཐར་ཕྱིན་ཡོད།།
ཁ་དོག་གཞན་བསྒྱུར་གྱི་འཚོ་གནས་འདི་རུ།།
སྙིང་བོ་དོན་ལྡན་ཞིག་རློམ་ཐུབ་མ་བྱུང་།།

ཕྱི་མིག་རབ་རིབ་འདིས་གང་ལ་བལྟས་ཀྱང་།།
གོམ་པའི་ཁ་ཕྱོགས་ནི་ཅི་ཙམ་བསྒྱུར་ཀྱང་།།
ནང་གི་སྐྱོ་ཤེས་དེ་བསུབ་ཐུབ་དཀའ་འདུག།
འདོད་ཡོན་འདུ་འཛི་ལ་རོ་ངར་ཆེ་འོ།།

གཉིག་མ་ལྷན་སྐྱེས་ཀྱི་རང་སེམས་འདི་ལ།།
རྟོག་པ་གཞི་བྲལ་དེ་འོང་ཚོད་མ་རེད།།
ཟུང་འཇུག་གོ་འཕང་གི་རྒྱལ་ས་བརྙེས་པར།།
ལྟ་བ་རྣམ་དག་གི་རྒྱབ་རྟེན་དགོས་འདུག

ཚུལ་འཆོས་སེང་འབག་གིས་ཕྱི་ནས་བཅུམ་ཞིང་།།
འཁོར་བའི་འཁྲེང་ཞེན་གྱིས་ནང་ནས་མནར་བའི།།
ཆོས་ནོར་གཉིས་མེད་ཀྱི་སྤྲང་བོ་ང་ལ།།
ནང་གི་སྐྱིད་ཉམས་དེ་ཡེ་ནས་མི་འདུག།།

རང་ཤོང་སྤྱིལ་བུ་ལ་ལུས་འདི་བཅོལ་ནས།།
མཚན་མོའི་ལྷིང་འཇགས་ལ་སེམས་པ་བརླན་ནས།།
ཡུན་རིང་ཐང་ཆད་ཀྱི་ལུས་སེམས་གཉིས་པོར།།
ངལ་གསོའི་ཁོམ་ལོང་ཞིག་ཨེ་ཡོང་འདོད་ཡོད།།

དུང་སེམས་རྒྱ་མཚོ་ཡི་རླབས་དང་འདྲིས་ཞིང་།།
སྨྲིང་བ་རི་ཆེན་གྱི་གྲིབ་མར་གྱུར་དུས།།
དང་པོ་ན་ཆུང་གི་རྩེད་ར་ཆུང་ཆུང་།།
ཕྱི་དྲན་ཐེངས་ཤིག་གི་སྐལ་དུ་ཐོབ་སོང་།།

ཅི་ཞིག་འཚོལ་འདོད་ཀྱི་ངལ་བའི་གདུང་བས།།
ལང་ཚོའི་དར་ལྕོག་དེ་རླུང་གིས་ཟོས་སོང་།།
འཆར་སྣང་རབ་རིབ་ཀྱི་ཕྱི་མིག་ཀློང་ན།།
སྐྱོ་བ་ལན་མང་གི་ན་ཟུག་རིམ་ཡོད།།

ཞེན་པ་དར་སྐུད་གྱི་མདུད་ཕྲ་མོ།།
གདུང་སེམས་ལས་སྨོན་གྱི་དབྱངས་ལ་བརྒྱུས་ཏེ།།
རྣམ་འབྱོར་ཚངས་དབྱངས་བའི་མགུར་གླུ་གཉོམ་པོ།།
 སྣང་སྲིད་རོལ་མྱོང་གཞི་རུ་གཟུང་ཡོད།།

8.9.10

སྒྱུ་འཕྲུལ།

སྣ་ལྔའི་ཁ་དོག་འཐབ་པའི་རྨི་ལམ་ཞིང་ནས།།
དགའ་སྡུག་སེམས་ཀྱི་འགྱུར་བ་སྨྱུག་རྩེ་རུ་དྲང་སྟེ།།
དོན་དམ་སྙན་ངག་འབྲི་བའི་སྟ་གོན་ལ་གཞོལ་དུས།།
དམར་ནག་མི་སེམས་འཁྲོས་བའི་སྡང་མིག་ཅིག་བསྟན་སོང་།།

སླར་ཡང་མེ་ཏོག་བཞད་པའི་སྒྱུ་འཕྲུལ་གྱི་གླིང་ནས།།
ངག་གི་རོལ་མོ་ཆ་གཅིག་མགྲིན་པ་རུ་བཏེགས་ནས།།
རིག་བྱེད་མ་དྲོས་མཚོ་མོར་བག་ཡངས་སུ་བྱིན་དུས།།
གར་གྱི་གཤོག་ཟུང་བསྐྱངས་བའི་སྤོབས་པ་དེ་ཐོབ་སོང་།།

སྣང་བའི་མེ་ཏོག་འཛུམ་པའི་སྒྱུ་རྩལ་གྱི་ས་བོན།།
ཚོགས་དྲུག་རྣམ་ཤེས་གསར་བའི་མ་གདན་ལ་བཏང་སྟེ།།
ཕ་མཐའི་རྒུ་ཚིགས་སྙེག་པའི་ངལ་སྟེགས་སུ་འགྲེང་དུས།།
བདག་གི་གོམ་སྟབས་ཁྱོད་ཀྱི་སྔས་འགྲམ་དུ་བསྒྱུར་ཡོད།།

ཀྱེ་མ་གང་སར་འཐོར་བའི་རྣམ་ཤེས་ཀྱི་ཕུང་བོ།།
འཛིན་མེད་སྟོང་བའི་དབྱིངས་ལ་ལྷག་མེད་དུ་གཏོར་ཏེ།།
ཆུ་ཤེལ་ནོར་བའི་མཛོད་ལ་རང་དབང་དུ་སྤྱོད་ཚེ།།
བདག་གི་མགྲིན་པ་ཁྱོད་ཀྱི་རྐང་གླེང་དུ་གྱུར་འདུག།

འཁྲེགས་འཛིན་ལྟ་བའི་བཙན་རྫོང་ཐེར་ཟུག་ཏུ་མཐོང་བའི།།
སྐྱེས་མཆོག་རང་གྲོལ་གཤེགས་པའི་ཕངས་སེམས་ཀྱི་རྨ་ཁ།།
རིགས་ཞེན་གངས་ཆབ་གཙང་མའི་ཡང་ཡང་དུ་བཀྲུས་དུས།།
བདག་གི་མིག་ཆུས་གདུང་བའི་སེམས་ཁམས་དེ་བརླན་སོང་།།

ཆུ་བྱ་ངང་མོ་གཤོག་རྩ་རྣག་ཁྲག་གིས་ཟོས་བས།།
འཕུར་འདོད་རེ་བའི་སྤོབས་པ་བཏང་སྙོམས་སུ་འཇགས་དུས།།
སྲིད་པའི་རང་ཁྱིམ་བོར་བའི་གཤོག་ཐོག་གི་ཚོགས་ལ།།
དོན་དམ་གནས་ལུགས་མཐོང་བའི་མིག་ཟུང་ཞིག་གཡར་ཡོད།།

གཤོག་རླབས་གསར་བའི་དབྱངས་ཤིག་མགྲིན་རྒྱན་དུ་བླང་དེ།།
ལྷིང་འཇགས་སྨུག་སྤྲིན་འཐིབ་པའི་རི་གྲོང་འདིར་ཐོན་དུས།།
སྣང་བའི་གློག་ཞགས་འཁྱུག་པའི་སྒྱུ་འཕྲུལ་གྱི་མ་མ།།
སེམས་ཀྱི་མེ་དཔུང་སྦར་བའི་རབ་འདེགས་སུ་མཛེས་པ།།

སྲ་མཁྲེགས་ལྕགས་རི་གཏོེར་བའི་རྣམ་དཔྱོད་ཀྱི་སྟ་གྲི།།
མུན་པའི་གཡུལ་ངོ་བསལ་བའི་གོ་ཆ་རུ་བཏགས་ཏེ།།
མྱ་ངམ་ཐང་ལ་བསྐྱོད་པའི་གོམ་སྟབས་འདི་བསྒྱུར་དུས།།
བདག་གི་ན་ཟུག་ཁྱོད་ཀྱི་མཐོང་ལམ་དུ་བསྟར་ཡོད།།

ཕ་གཞིས་ཟད་པོ་འཚོལ་བའིོ་ངལ་དུབ་ཀྱིས་གདུང་ཞིང་།།
ཡིད་ཀྱི་མཚོ་ཆེན་འཁྱོམ་པའི་རླབས་ངོགས་སུ་འགྲེང་དུས།།
རྟོག་འགྱུ་གར་དུ་སྡེབ་པའི་གླུ་སྐད་དང་མཉམ་དུ།།
བདག་གི་ཡོད་ཚད་ཁྱོད་ཀྱི་འཇིག་རྟེན་དུ་ཆས་སོང་།།

ཁྲག་དང་རྔུལ་ཆུས་བྲིས་བའི་ལོ་རྒྱུས་ཀྱི་གླེགས་བམ།།
དུར་གྱི་ཐང་ལ་འཐེན་པའི་བསུབ་མེད་ཀྱི་རྐང་རྗེས།།
ཡོད་ཚད་རླུང་གིས་ཁུར་བའི་ཤུགས་རིང་གི་སྣེ་ན།།
ཁྱོད་ཀྱི་དུས་གསུམ་བདག་གི་སྙན་ངག་དུ་གྱུར་འདུག།
རྩོམ་འདིའི་མ་གདན་ནི་སྤྱི་ལོ༢༠༠༥ལོའི་ལོ་འཇུག་ཅིག་ཏུ་བྲིས་ཏེ་ ༢༠༠༨ལོར་ནོར་བཅོས་བྱས་བ་ཞིག་ཡིན་ཞིང་། ད་ཐེངས་ཚོད་ལྟའི་ཚུལ་དུ་འདིར་ བཀོད་པ་ཡིན།

ཧི་མ་ལ་ཡི་གདངས།

སྟོང་ལྡན་པི་ཝང་བཀྲོལ་བའི་ངག་གི་དབང་མོ།།
ཡིད་ཀྱི་མཚོ་རླབས་འཁྱོམ་པའི་གཉེན་དུ་བོས་ནས།།
སྣང་བའི་རི་ཚོགས་སྟོང་གི་རྒྱབ་འདེད་བྱས་ཚེ།།
བདག་གི་ཕ་གཞིས་དངུལ་དཀར་མེ་ལོང་ཞིག་རེད།།
མ་ཕམ་གཡུ་མཚོའི་རླབས་སྒྲར་ཉན་གྱིན་ཉན་གྱིན།།
ཏེ་སེ་གངས་ཀྱི་ཟབ་བརླིང་སྒོམ་གྱིན་སྒོམ་གྱིན།།
ཧི་མ་ལ་ཡི་རི་ཚོགས་སྤོབས་པས་བརྒལ་དུས།།
བདག་གི་མ་མ་གངས་ཀྱི་དུམ་བུ་ཞིག་རེད།།
གཤིས་འཇམ་འོ་སྤྲི་མངར་མོ་ཁམ་གང་འཐུངས་ནས།།
རིག་གཞུང་ནོར་བའི་བང་མཛོད་ཤར་གྱིས་ཉར་ཏེ།།
ལོ་རྒྱུས་གླེགས་བམ་འཐུག་པོ་ཞིབ་ཀློག་བྱས་ན།།
བདག་གི་མེས་བོ་དྲང་སྲོང་རྒན་པོ་ཞིག་རེད།།
ལྷིང་འཇགས་མཚན་གྱི་རྔམ་ཀ་ཟས་སུ་རོལ་ནས།།
མཐོ་མཐོངས་རྒྱུ་སྐར་ཚོགས་རྣམས་གྲོགས་སུ་བོས་ནས།།
ཟླ་བའི་ལྷ་མོར་ཕུལ་བའི་གཞས་གདངས་འཚོལ་དུས།།
བདག་གི་ཡབ་ཆེན་སྣང་བའི་སྒྲོན་མེ་ཞིག་རེད།།
སྔོན་བསྐྱོད་རྐང་སྟབས་བསྒྱུར་བའི་གླུ་ཞིག་གླུ་ཞིག་བླངས་ནས།།
དབེན་པའི་ལྷིང་འཇགས་དཀྲོགས་པའི་གར་ཞིག་འཁྲབ་ནས།།
སྒྱུ་འཕྲུལ་དངོས་ཡོད་འཐབ་པའི་གདངས་ཤིག་དཀྲོལ་ཚེ།།
བདག་གི་འཚོལ་སྙེག་ནམ་མཐའི་རྒུ་ཚིགས་གཅིག་རེད།།
ཡུམ་གཅིག་ཚང་པའི་སྲས་མོ་རོགས་སུ་ཁྲིད་ནས།།
སྟོང་ལྡན་པི་ཝང་དཀར་མོའི་གདངས་སུ་ཞུགས་ནས།།
ཆུ་ཤེལ་ནོར་བའི་མགྲིན་པར་ལོངས་སུ་སྤྱོད་ཚེ།།
བདག་གི་ཁྱིམ་རྒྱུད་སྲིད་པའི་རྫོང་མཁར་ཞིག་རེད།།
གངས་རི་མེ་ཡིས་བསྲེགས་པའི་ཕངས་སེམས་རྒུམ་བཞིན།།
སྙིང་རྩ་འཁྲུག་པའི་འཕར་ལྡང་ལག་པས་བསྐྱོེར་ནས།།
བསམ་གཞིག་སྟོང་གི་ཝུ་ཆང་ཤུགས་ཀྱིས་འཐུངས་དུས།།
བདག་གི་རིས་རྐང་འཚོལ་ས་གངས་ཐང་ཞིག་རེད།།
འཛིན་མེད་སྟོང་བའི་དབྱིངས་ལ་མིག་ཟུང་གྱེར་ནས།།
གྱེས་བྲལ་ཁ་དབྱངས་སྟོང་གི་གཏན་ཚིགས་བཞག་ནས།།

རབ་རིབ་སྐར་མའི་ཞིང་ལ་སྨོན་སེམས་ཕུལ་དུས།།
བདག་གི་མིག་ཟུང་ཕྱོགས་ས་གངས་རི་ཞིག་རེད།།
གནམ་ས་གོ་ནོར་ཐེབ་པའི་གླིང་ཕྲན་འདི་ནས།།
ལོ་ཟླའི་གྲིབ་ནག་ཕོག་པའི་གནའ་གྲོང་འདི་ནས།།
བྱང་ཕྱོགས་ཁ་བ་ཅན་གྱི་ལས་དབང་གླེང་དུས།།
བདག་ནི་རྒྱབ་བརྟེན་བྲལ་བའི་སྤྲང་བོ་ཞིག་ཡིན།།

ཀླུང་རྒྱུན།

ཉི་ཟླ་རི་བོའི་ཀླུང་རྒྱུན། གདོད་མའི་ཁང་ཆུང་བཤིག་བྱེད་གསེར་གྱི་གློ་གྲི།།
སྣང་བའི་ཞིང་ཁམས་མཛེས་བའི་རྒྱན་དུ་བཏགས་ནས།།
རྨི་ལམ་གསར་བའི་དར་ཆ་མཐོ་རུ་བསྒྲེངས་ཚེ།།
བདག་གིརྒྱབ་ལྗོངས་དྭངས་གསལ་མཚོ་མོ་ཞིག་ཡིན།།

ཐ་སྙད་བུད་ཤིང་བསྲེག་པའི་ངག་གི་མེ་དཔུང་།།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྒྱན་དུ་རོལ་ནས།།
དཔྱོད་པའི་བློ་མིག་གསལ་བའིགདངས་ཤིག་འཚོལ་དུས།།
བདག་ནི་ཚེ་སྲོག་གསར་བའི་ཅོང་བརྡ་ཞིག་ཡིན།།

སྒྱུ་མའི་ཁང་བཟང་མཛེས་བའིམྱ་ངམ་ཐང་ཆེན།།
སྲིད་ལ་སྐྱོ་ཤས་སྒོམ་པའི་རྒྱུ་རུ་དམིགས་ནས།།
གནམ་ས་རབ་རིབ་ཅིག་གི་ལྷིང་འཇགས་སྲུང་དུས།།
བདག་གི་ཕུགས་བསམ་བྱི་རུའི་གླིང་ཕྲན་ཞིག་ཡིན།།

དུར་སའི་སྐྱོ་གདུང་ཀློག་པའི་རྐང་གླེང་དམར་བོ།།
མེ་ཡི་ངོ་བོ་འཚོལ་བའི་གྲོགས་སུ་བསྟེན་ནས།།
ལྷིང་འཇགས་སྒྱུ་མའི་ཁམས་ལ་ཡུན་རིང་གྱེར་དུས།།
བདག་གི་མགྲིན་པ་དུང་དཀར་རང་གྲགས་ཤིག་ཡིན།།

མྱ་ངན་རླབས་ཀྱིས་བཅོམ་པའི་བང་སོ་ཟད་པོ།།
སྤྲེའུ་གདོང་རྒྱུད་འཚོལ་བའི་གནས་ཚང་ཡིན་ཚེ།།
ཀི་བསོ་སྟོང་གི་གདངས་སུ་རེ་སྨོན་བཅོལ་ནས།།
བདག་གིས་གྲང་ངར་དགུན་གྱི་བྱུང་རིམ་གླེང་དགོས།།

ཐོན་ཡོད།

ཁྱོད་ཀྱི་མདུན་དུ་ཐོན་ཡོད།
མེ་སྟག་མཆེད་པའི་ཁྲག་རྩའི་སྦུབས་སུ།།
མི་རིགས་ཤིག་གི་རྣམ་ཤེས་བཅུག་ཡོད།།
རྒྱུ་འབྲས་འཛོམ་པའི་རྒྱལ་ཁབ་ཅིག་གི །
མངའ་ཐང་སྲུང་བའི་དམ་བཅའ་བཞག་ཡོད།།

ལོ་དང་ཟླ་བའི་ཀྱོག་མཚམས་རེ་ན།།
མེ་དཔུང་ལྟ་བའི་སྙན་ངག་བྲིས་ཡོད།།
ལྷིང་འཇགས་འཁྱིལ་བའི་རི་གྲོང་དག་ནས།།
ངུ་སྐད་བྲག་དམར་ཐེམ་ལ་བསྐྱལ་ཡོད།།

ཕྲ་ལ་སྦོམས་པའི་སྲོག་གི་སྐུད་པ།།
འཇིག་ཉེན་ཚོར་བའི་གྲོགས་སུ་འཐེན་ཡོད།།
གཞན་བསྒྱུར་སྲིད་ཀྱི་འགག་མདོ་རེ་ན།།
མི་གཤིས་སྲུང་བའི་དར་ཆེན་བཙུགས་ཡོད།།

གཞས་ཆུང་ཕྲ་མོའི་དབྱངས་རྟ་རེ་ན།།
འཚོ་བའི་ལམ་གྱི་བདེན་པ་བཅོལ་ཡོད།།
ཐུན་མིན་རིས་ཀྱི་འགྲོ་བ་ཞིག་གི །
བདེ་སྡུག་ང་ཡི་མགྲིན་པར་བཏགས་ཡོད།།

ལུས་སེམས་ཡོད་ཚད་རྨ་ཁས་གཡོག་པས།།
གདུང་བའི་ངལ་བ་སངས་ཐབས་དཀའ་ཡང།།
དབྱངས་གསལ་སོ་བཞིའི་མཛེས་སྡུག་རུམ་ནས།།
དེ་རིང་ཁྱོད་ཀྱི་མདུན་ན་ཐོན་ཡོད།།

ཐང་ཆད་པའི་མི།

མི་ཚེ་སྟོན་མཇུག་གི་སྡོང་ལོ།།
བྱི་རུའི་མཚོ་ནང་དུ་འཐོར་སོང་།།
སྣང་སྲིད་རང་དབང་གི་མཛེས་པ།།འ
ཚོ་བའི་ཕ་རོལ་ན་ལུས་ཡོད།།
གླེང་བུ་ཁེར་འབུད་ཀྱི་དབྱངས་རྟས།།
ཡིད་ཀྱི་སྐྱོ་དུབ་ལས་བསླངས་མོད།།
སྙིང་གི་ནང་མཛོད་ཀྱི་ཕུགས་ན།།
བསམ་པའི་ནོར་བུ་ཞིག་མི་འདུག།
མཚན་མོ་ཁྲི་སྟོང་གི་འཇིག་དངངས།།
འཚོ་བའི་གྲུ་ཁ་ནས་འཕྱུར་བས།།
ཡུན་རིང་ཐང་ཆད་ཀྱི་མི་ཞིག།
ཚེར་མའི་འཇིག་རྟེན་ན་ལྷག་ཡོད།།
མི་ཚེ་རབ་རིབ་ཀྱི་དབྱངས་རྟ།།
སུན་སྣང་རླུང་བུ་ཡིས་སྒུལ་བྱུང།།
མི་གཤིས་དྭངས་གཙང་གི་ནོར་བུ།།
མྱུ་གུའི་སྟོབས་ཤུགས་ལ་བརྒྱུས་ཡོད།།
ངམ་གནག་གཙང་བོ་དེ་བརྒལ་བར།།
དབྱངས་ཀྱི་ཟམ་ཆུང་ཞིག་བཟོས་ཡོད།།
སྤོབས་པའི་ལྕགས་ཐག་གི་སྣེ་མོ།།
རང་དབང་ལྷ་ཡུལ་དུ་བསྲིངས་ཡོད།།
མར་མེའི་ཀོང་ཆུང་གི་འོད་ཀྱིས།།
མདུན་གྱི་ཡོལ་བ་དེ་བསྲེགས་ནས།།
མཐོང་སྨུག་སྦྲ་ནག་གི་ཡུལ་དུ།།
གོམ་པ་སྤོ་འདོད་ཀྱིས་བྲེལ་ཡོད།།

གདུང་བའི་སྐེལ་མ།

 གདུང་བའི་ཡིད་ཀྱི་སྐྱེལ་མ་འདི་ན་ཡོད།།

ཕ་ས་དམག་གིས་བཟུང་དུས་རིག་རྒྱུ་མེད་ལ།།
སྤུན་ཟླའི་ཚེ་སྲོག་ཤོར་ཉིན་གོ་མཐོང་མེད་པ།།
ཡུལ་ལྷ་སྐྱག་ཟན་དེ་ཚོ་གང་དུ་ཡིབ་ཡོད།།
ད་ནི་དག་སྣང་མིག་ཤེལ་ཕུད་ན་ཡིན་འདུག།

སྤྱན་ལྡན་ལྷ་ཡི་ཚོགས་ཤིག་ཡོད་པ་བདེན་ཚེ།།
ཆོ་འཕྲུལ་བརྡ་ལན་ཙམ་ཡང་མེད་དོན་ཅི་རེད།།
འཛམ་གླིང་བརྙན་འཕྲིན་དྲ་བའི་གཙོ་ངོས་རེ་ནས།།
ང་ཡི་སྤུན་ཟླའི་འཇིག་ཉེན་ཤར་གཏོང་བྱས་ཡོད།།

བྱིས་པ་དབང་ལོག་གཉིད་ལས་མ་སད་སྔོན་དེ།།
ཐོ་རངས་བྱ་ཕོའི་ནམ་ཚོད་མ་བཟུང་གོང་དེ
།།བྱ་ཚོགས་དབྱིངས་ནས་ལྡིང་འཁོར་མ་བརྒྱབ་སྐབས་དེ།།
ཤི་གསོན་འབྲལ་དུས་ཡིན་པ་སུ་ཡིས་ཤེས་ཡོད།།

ཁང་བརྩེགས་ལྟིག་སྒྲ་ཉིལ་ལེ་ས་ལ་ལོག་ཐལ།།
ནང་མི་ཁྲག་དམར་འཁྱིལ་ལེ་སྡེབ་གསོད་བྱས་ཐལ།།
བུ་ཆུང་ངུ་སྐད་ལྷིང་ངེ་ཤུལ་ཏུ་ལུས་ཐལ།།
།ད་ནི་དཀོན་མཆོག་གིས་ཀྱང་མ་སྐྱོབས་ཐལ་ལོ།།

ཡིད་སེམས་སྐྱོ་བའི་ཁྱེད་ཀྱིས་མིག་ཆུ་ཤོར་ཐལ།།
སྙིང་རླུང་ལྡིང་བའི་ང་ཡི་གཉིད་ཀྱང་ཆག་ཐལ།།
ལེ་བར་ཁྲི་ཡིས་ཆོད་པ་བོད་རིགས་སྤུན་ཟླས།།
།ཇིག་ཉེན་གདུང་བའི་ན་ཟུག་སེམས་ཀྱིས་མྱངས་ཡོད།།

 ས་ཆེན་སྨག་ནག་འཐིབ་སེ་རོ་ལངས་བརྒྱབ་དུས།།
རྣམ་ཤེས་ཁྲི་སྟོང་ཨར་འདམ་གསེབ་ཏུ་བརྫངས་སོང་།།
ཁང་ཆག་ཞིག་ཧྲུལ་སྟོང་གི་ཤུལ་དུ་ལུས་པ།།
མགོན་སྐྱབས་མེད་པ་ང་ཡི་མི་རིགས་ཡིན་སོང་།།

དབུས་པ་གཙང་པའི་མཆོད་འབུལ་ས་དང་གནམ་ཡིན།།
ཨ་མདོ་ཁམས་པའི་སྐྱེལ་འདྲེན་ཉིན་དང་མཚན་ཡིན།།
ཤུལ་ལུས་དག་ཀྱང་གདུང་བའི་སྙིང་ཁམས་བརླན་བཞིན།།
དམིགས་ཡུལ་གཅིག་ལ་གོམ་པ་སྤོ་བཞིན་ཡོད་གོ།

དངངས་སྐྲག་མ་གནང་བདེ་བའི་ལམ་དུ་བཞུད་ཅིག།
གངས་ལྗོངས་སྤུན་ཟླའི་སྨོན་འདུན་རྫོགས་པར་གྲུབ་ཡོད།།
སྐྱེས་སྟོབས་གསལ་བའི་དཔྱིད་འགོའི་མེ་ཏོག་བཞིན་དུ།།ལྗོ
ངས་འདིའི་མཛེས་པ་སླར་ཡང་ཁྱོད་ཀྱིས་རོལ་ཆོག།

ས་ཆེན་དངངས་བའི་འཇིགས་པ་ཡིད་ལ་བཅུག་ནས།།
ཡིད་ཆད་གདུང་བའི་ངལ་བ་སེམས་ལ་བྲིས་ནས།།
དབྱངས་གསལ་ཡི་གེར་བརྒྱུས་བའི་རྟ་ཞིག་ཞོན་ནས།།
སྙིང་ཆུང་འཕར་སྒྲ་ལྟིག་གེར་ང་ཡང་ཐོན་ཡོད།།

འོད་ཆུང་སྒྲོན་མའི་རབ་འདེགཁྱོད་ཀྱིས་གནང་རོགས།།
མྱ་ངན་འབོད་པའི་སྙན་ཚིག་ང་ཡིས་གྱེར་ཡོད།།
ཡིད་ཆད་གདུང་བའི་མགོ་བོ་ས་ལ་བཏུད་དེ།།
སྤུན་ཟླ་ཁོང་ལ་སེམས་ཀྱིས་སྐྱེལ་མ་ཞུའོ།།

འཚོ་བའི་ངོས་ལ་བལྟས་པ།

ཤེས་རབ་ལྷ་མཆོག་གིས་སྤྱན་ཞིག་གཡོར་དང་།།
རྒྱུ་འབྲས་དྲང་བདེན་གྱི་ལམ་ཞིག་སྟོན་དང་།།
གང་ལ་ཅི་ཕན་གྱི་ཐབས་ཤིག་མ་རྙེད།།
ཐེ་ཚོམ་འཆིང་བ་ཡི་རྒྱ་རུ་ཚུད་ཡོད།།

བདེན་བདེན་འགྲིག་འགྲིག་གི་རྫུན་ཞིག་བཤད་ན།།
ཀུན་གྱི་དགའ་བསུ་ཡིས་མཐེ་བོང་བསྒྲེང་འོང་།།
དངོས་སུ་འཇིག་ཉེན་ལ་མཛུབ་མོ་ཀེར་ཚེ།།
ཐམས་ཅད་ལྡོག་ཕྱོགས་ནས་འུར་སེ་ལངས་འགྲོ།

ལྷག་བསམ་བདེན་དྲང་གི་གཏམ་རེ་བརྗོད་ན།།
མི་ཤེས་ཤེས་མདོག་ཚོས་ལོག་འགྲེལ་བརྒྱབ་འགྲོ།
དངོས་ཐོག་བདེན་འཚོལ་གྱི་ལམ་ཞིག་བསྙེགས་ན།།
ཀུན་གྱི་མིག་ནང་གི་བསྟན་བཤིག་རེད་འགྲོ།

བསླུ་མེད་རང་གཤིས་ཀྱི་བདེན་ཐོབ་སྲོང་ན།།
ཕྱོགས་མང་ལྷན་འདས་ཀྱི་གྲོགས་དང་འགལ་འགྲོ།།
དུས་ཀྱི་དགོངས་དོན་དང་ཉེ་བར་བཅར་ཚེ།།
དགོན་སྡེའི་ཕྱག་སྲོལ་ལ་ཕོག་ཐུག་ཤོེར་འགྲོ།།

གཅིག་རྒྱུགས་གཉིས་འདྲོགས་ཀྱི་ཕོ་རོག་ནག་ཆུང་།།
རླུང་བུ་གར་གཡུགས་ཀྱི་རྗེས་སུ་བསྙེག་འགྲོ།།
རང་གཤིས་རང་ལུགས་ཀྱི་བདེན་པ་སྲོང་མཁན།།
ཉིན་གྱི་སྐར་མ་བཞིན་མེད་པར་སྣང་ངོ།།

འགྱུར་ལྡོག་སྣ་མང་གི་དུས་རབས་འདི་ནས།།
བརྡབ་གསིག་ཚོད་མེད་ཅིག་འུ་ཚོར་ཐེབས་མོད།།
དུས་དང་འགྲོས་བསྟུན་གྱི་རྒྱང་ལམ་བསྙེགས་པར།།
ད་དུང་འགོག་རྒོལ་ནི་ཁྲིགས་སེ་བྱས་འདུག།

བླུན་པོ་ཁ་མཐུན་གྱི་གྲས་ཤིག་འཛོམས་ན།།
དགེ་འདུན་ཆོས་འཕེལ་ཡང་ཕྱི་མར་བསྐྱལ་འགྲོ།།
རྨོངས་རྟུལ་ཤེས་མེད་ཀྱི་དབང་ཤེད་བཙན་པོས།།
སྐྱེས་མཆོག་རང་གྲོལ་ཀྱང་འཆི་བར་བརྫང་སོང་།།

འཐེན་ཁྱེར་ཕྱོགས་རིས་ཀྱི་དཔུང་ཁག་ཅིག་གིས།།
རྣམ་འབྱོལ་ཚངས་དབྱངས་བའི་ཁྲི་འཕང་གཏོར་ཞིང་།།
སྐུ་ལྕམ་མེ་ཏོག་གི་གསོན་སྙིང་བྲུས་དེ།།
རྒྱུ་འབྲས་གནས་ལུགས་ལ་ཚོད་མེད་བྱས་མྱོང་།།

ལྷག་བསམ་ཟོལ་མེད་ཀྱི་བདེན་པའི་རང་གཏམ།།
བཤད་ནས་གོ་མཁན་ཞིག་ཡོད་ཚོད་མ་རེད།།
འགལ་འདུ་སྟོང་ཕྲག་གི་གཡུལ་ས་ཞིག་ནས།།
ཕམ་དགོས་བྱུང་བ་ནི་རང་ཉིད་ལགས་སོ།།

སྤོས་ལྡན་གྲོང་གི་ཁྱོད།

གྲོང་ཁྱེར་སྤོས་ལྡན་དུ་བཞུགས་པའི་གྲོགས་མོ་ཞིག་ལ།
ཟླ་འོད་སྔས་སུ་བྱས་པའི་མཚན་ལྗོངས་སུ།།
རྒྱུ་སྐར་རྣམས་ནི་ཁྱོད་ཀྱི་གཟུགས་སུ་འཕོས།།
ལན་རེར་ནམ་མཁའི་ཟླ་བ་ལྷ་མོ་ཡིས།།
བདག་ལ་ཁྲེལ་དགོད་བྱེད་པའི་ངང་ཚུལ་འཛིན།།
ཡིད་འོངས་སྐྱེད་ཚལ་མཛེས་པའི་ཁང་ཁྱིམ་སོགས།།
ཕྱི་ཡི་སྐྱེ་དངོས་གང་གིས་མཚོན་ནུས་མིན།།
དེ་ལྟར་བདག་གི་ཡིད་ཀྱི་མཁའ་དབྱིངས་ན།།
སྐྱོན་མེད་འཛུམ་བརྒྱ་གྲོལ་བའི་ཟླ་བ་ཞིག།།
ཁྱེད་ཀྱི་ལུས་སེམས་ཤེལ་གྱི་མེ་ཏོག་གང་།།
ད་ལྟ་སུ་ཡི་དཔལ་དུ་བཞད་ཡོད་དམ།།
ཡིད་ཀྱི་དྲན་གདུང་རྒྱ་མཚོའི་རླབས་ཕྲེང་བཞིན།།
རྒྱང་རིང་ཡུལ་གྱི་གྲོགས་ཀྱང་མ་བརྗེད་ལགས།།
གྲོང་ཁྱེར་སྤོས་ལྡན་མཁའ་ཡི་རྒུ་ཚིགས་བཞིན།།
མུ་མེད་ཕྱོགས་མཐར་སྤྲོས་པའི་བརྗིད་ཉམས་དག།
གཅིག་ལས་གཅིག་ལྷག་འགྲན་པའི་ངང་ཚུལ་དེས།།
ཐུགས་ལ་སྤྲོ་དགའི་སྣང་བ་སྟེར་བྱུང་ངམ།།
སྙིང་གཏམ་དཔྱིད་ཀྱི་ས་བོན་སྤར་མོ་གང་།།
ཚེ་ཡི་རྒྱགས་གྲོར་བསྣམས་པའི་མི་རྐྱང་ཞིག།
ད་ལྟ་རྗེས་མེད་འཚོ་བའི་གྲི་ཟུར་དུ།།
གཅིག་བུར་འཁྱར་བའི་ངང་ཚུལ་ཨེ་གསན་ལགས།།
ནམ་ཞིག་བསིལ་རླུང་ལྡང་བའི་སྟོན་མཇུག་ཏུ།།
ཁྱོད་ཀྱི་མཛེས་པའི་སྐྲ་ལོ་རླུང་ཁ་རུ།།
སྒལ་གྱིན་འཚོ་བའི་ལས་དེར་བྲེལ་འཚུབ་ཀྱིས།།
འབད་ཅིང་གྲོགས་མེད་རྒྱུ་བའི་སྐབས་དག་ཏུ།།
བདག་ནི་སྟོབས་ལྡན་གླང་ཆེན་དར་མ་རུ།།
བརྫུས་ནས་དཀའ་བའི་ངལ་བ་ལྷུར་ལེན་ནོ།།
དམ་བཅའི་རི་མོ་འགྱུར་མེད་སྔར་བའི་བརྟན།།
དེ་ལྟར་ཤེས་སམ་སྙིང་གི་མཛའ་ན་མོ།།

སྐད་ཆ་འདི་ལྟར་བཤད།

དེ་རིང་ནང་ཆོས་ནས་བཤད་པའི་བློ་སྦྱོང་ཞེས་པའི་ཐ་སྙད་དེ་ཚུར་ལེན་བྱས་ནས་སྐད་ཆ་ཞིག་བཤད་རྒྱུ་ཡིན།
དོན་གྱི་གནད་དོན་གང་ཞིག་གི་ཐོག་མཐའ་བར་གསུམ་གང་ནས་ཡིན་རུང་བསམ་བློ་བཏང་བ་དང་སྣང་ཙམ་མིན་པའི་བློ་ཁ་ནང་དུ་ཕྱོགས་པའི་རྒྱུ་རྐྱེན་ཞིག་སྔོན་དུ་འགྲོ་དགོས་ཀྱི་འདུག་ཟེར་འདོད་ཡོད། རང་ཉིད་ངོས་ཟིན་དགོས་གི རང་ཉིད་ཀྱི་འགན་འཁྲི་ངོས་ཟིན་དགོས་གི དཔེར་ན། ཁྱོད་ཀྱིས་བྱ་བ་གང་ཞིག་གཉེར་རྒྱུ་ཟེར་ན། ལས་ཀ་ཅི་ཞིག་བསྒྲུབ་རྒྱུ་ཟེར་ན། དེ་ལ་ཉམས་མྱོང་དང་ཤེས་རྟོགས་གང་རུང་ཞིག་མེད་ཚེ་ལས་ཀ་དེ་མཐའ་སྐྱོང་ཐུབ་རྒྱུ་དང་ལས་དོན་གྲུབ་འབྲས་ཟེར་བ་ཞིག་འོང་དཀའ་བ་དེ་ད་ལྟ་མཐོང་ཐོས་མངོན་གྱུར་རེད་ཟེར་འདོད་གི་ཡོད། ཁྱེད་ནི་དཔེ་ཆར་མཁས་མོད་སྤྱི་ཚོགས་སྟེང་གི་ལས་རིགས་ཡོད་དོ་ཅོག་ལ་ཧམ་པ་རྒྱབ་ན་མི་འགྲིག་གིཁྱོད་ནི་དཔེ་ཆ་ཅི་ཙམ་མཁས་ཀྱང་རུང་དེ་ཡིས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཕ་ཡུལ་མི་མང་གི་ཨ་ཆད་ཨུ་ཐུག་གི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་མི་ཐུབ། དེ་ལྟ་མིན་པར་ཁྱོད་ཀྱིས་ལུས་རིག་གང་ལ་སྦྱང་བ་དང་གོམ་པ་ཡོད་ན་དེའི་ཕྱོགས་ནས་ལས་དོན་གཉེར་ན་ཆོག་པ་ལས་མི་ཤེས་ཤེས་མདོག་སྟོན་པའི་དགེ་བཤེས་རྒྱག་པ་ཞིག་ཡིན་སོང་ན་མི་འགྲིག་གི་ཟེར་འདོད་གི་ཡོད། ཁྱོད་ལ་ཚོང་ལས་ཀྱི་ཀླད་པ་ཡོད་ན་ཁྱོས་ཀྱིས་ཚོང་རྒྱབ་ན་འགྲིག་པ་ལས་ཉམས་མྱོང་མེད་པའི་ལས་རིག་གཞན་དག་ལ་ལག་པ་འཆང་ན་མི་འགྲིག་གི ལྷག་པར་དུ་བསམ་བློ་ལེགས་བཅོས་དང་སྤྱི་ཚོགས་སྣེ་ཁྲིད་ཀྱི་ཐད་ལ་དངོས་དང་རྒྱུད་པའི་ཕན་རླབས་ཆེ་བའི་རྩོམ་རིག་གི་བྱ་བ་ཆེ་ཆུང་གང་ཞིག་ཡིན་རུང་ཧ་ཅང་གཟབ་ནོན་གྱིས་བསྒྲུབ་པ་གར་ཆེན་པོ་རེད། དེ་ནོར་འཁྲུལ་མི་བཟོ་བ་དང་ཐོག་མའི་ལམ་ཁ་མ་ནོར་བ་ཞིག་བདམས་རྒྱུ་གལ་ཆེ་བ་ལས།ཁ་ཡོད་ཚོད་ཀྱིས་གྲོས་གཞི་གཏོན་འོས་པ་དང་དབང་ཡོད་ཚད་ཀྱིས་བསྒྱུར་བཅོས་བྱེད་ཆོག་ཆོག་ཅིག་གཏན་ནས་མི་འགྲིག་གི

ནམ་ཡང་གླུ་བརྒྱ་གདངས་གཅིག་གིས་གྱེར་འདོད་ཀྱི་སྟོང་བསམ་འཆང་ཡོད་ན་ཁྱོད་ཀྱིས་རང་ཉིད་དང་རང་ཉིད་ཀྱི་འགན་འཁྲི་ངོས་མ་ཟིན་པའི་སྐྱོན་དེ་ད་དུང་དོར་མེད་པ་རེད།

རེ་ཞུའི་ཡི་གེ།

དེ་རིང་ངས་སྐུ་མཁྱེན་གསུང་མཁྱེན་ཞེས་ཁྱེད་རྣམས་པར་སྐད་ཆ་ཚིག་གཅིག་ཞུ་རྒྱུ་ཡོད།དེ་ཡང་ཁ་ཟས་ལྟོ་གོས་ཐེ་བའི་སྒེར་གྱི་གནད་དོན་གང་ཡང་མིན་ལ་སྒེར་གྱི་ལས་དོན་ཞིག་ལས་ངངས་འཚུབ་
ཆེ་བའི་སེམས་གཏམ་ཞིག་ཡིན།ཁ་གསང་ནས་བཤད་ན་རང་དེབ་རྫ་ཆུའི་རླབས་སྒྲའི་མ་འོངས་འབྱུང་འགྱུར་གྱི་ཁ་ཕྱོགས་གང་དུ་འགྱུར་འགྲོ་བ་དང་གཞི་རྐང་ཇི་འདྲ་ཞིག་ཆགས་ཐུབ་མིན་ཐད
ལ་རང་ཉིད་ཀྱི་བསམ་ཚུལ་འདི་དང་ལེན་གནང་རོགས་ཞེས་ཞུ་རྒྱུ་ཡིན།སྤྱིར་མཁན་པོ་ཉི་མ་ཚང་དང་ཁྱེད་རྣམ་པ་ཡོངས་ཀྱིས་རང་དེབ་འདི་འབུམ་གསར་སྡེ་དགོན་ཐུན་མོང་གི་གོམ་གང་མདུན་
སྤོས་ཀྱི་གཞི་རྩའི་ཐབས་ལམ་ཞིག་ཏུ་ངོས་འཛིན་སྣང་བ་ནི།ཧ་ཅང་དགའ་འོས་པའི་དོན་ཞིག་དང་སྤོབས་པ་སྐྱེ་ཆོག་པའི་ལས་བྱ་ཞིག་ཏུ་རྩི་གི་ཡོད་ལ།མི་ལོ་སྟོང་ཕྲག་དུ་མའི་རིང་ལོ་རྒྱུས་ཀྱི་བྱུང་
བ་རྒྱུན་ཆད་པའི་ས་སྒང་འདི་ལ་མཚོན་ན་ངེས་པ་དོན་གྱི་ལོ་རྒྱུས་ཀྱི་གླེང་གཞི་གསར་བ་ཞིག་འབྱུང་བའི་རྟགས་རེད་བསམས་ནས་རང་ཉིད་སེམས་བསམ་པའི་སྟེང་ནས་དགའ་གི་ཡོད། དོན་དམ་གྱིས་བཤད་ན་འདི་ནི་འུ་ཚོའི་མི་གཞིའི་མཛེསསྡུག་གི་རིན་ཐང་ངོམས་ས་ཞིག་དང་།བསམ་བློའི་བཅང་འགྲོལ་གྱི་ངར་རོ་སྒྲོག་ས་ཞིགམི་གཤིས་དག་གཙང་གི་ངོ་བོ་སྲུང་ས་དེ་ཡིན་པས།
འདི་ལ་མི་དགའ་གང་ལ་དགའཡིན་ཡང་ད་ནི་འུ་ཚོས་འདི་ཡི་སླད་དུ་ཏན་ཏན་ཏིག་ཏིག་གི་ལས་ཀ་བསྒྲུབ་དགོས་སོང་ནི་རེད།ས་སྒང་འདི་ལ་ཤེས་རིག་གི་མྱུ་གུ་གསར་བ་ཞིག་སྐྱེ་བསྲེང་བྱེད་
རན་སོང་ནི་རེད།རྒྱུ་མཚན་དེའི་དབང་གིས་ངས་ཀྱང་དུས་དེབ་ཅིག་གམ་ཡང་ན་ཚགས་པར་ཞིག་ཇི་ལྟར་གཉེར་རྒྱུའི་ཐད་ནས་ཤེས་ལྡན་མི་སྣ་གང་མང་ཞིག་ལ་ངག་ཐོག་ཡིག་ཐིག་གཉིས་ག་ནས་
གླེང་མོལ་བྱས་མྱོང་ལ་རང་གིས་ཀྱང་ནུས་ཚོད་ཐུབ་ཚོད་ཀྱིས་བསམ་གཞིག་མང་དུ་བཏང་མྱོང་།སྐད་ཆ་མདོར་དྲུལ་ནས་བཤད་ན།གནད་དོན་གང་ལ་འབབ་གི་ཟེར་ན།དུས་དེབ་ཅིག་གམ་ཡང་
ན་ཚགས་པར་ཞིག་ལེགས་འགྲུབ་དགོས་ན།ཐོག་མའི་འཆར་གཞི་ལྟར་དུས་དེབ་དེའི་ཁ་ཕྱོགས་ངེས་བརྟན་ཡིན་དགོས་པ་རེད།དུས་དེབ་ཕུད་པའི་ལོ་ཚིགས་ཕྱི་ནུར་མི་བྱེད་པར་དུས་ཐོག་ཏུ་ཁེལ་
བ་བྱ་དགོས་ཀྱི་རྒྱུ་འདུགརྩོམ་སྒྲིག་པའི་སྒེར་གྱི་འདོད་བློ་དབང་མི་བཙན་པར་རྩོམ་རིག་གི་ཤེས་རྟོག་གཞི་ལ་བཞག་ནས་རྩོམ་རིག་བདམས་བཀོད་དང་རྩོམ་རིག་འཚོལ་སྡུད་བྱེད་ཐབས་བཅས་
འབད་པ་དངོས་ལ་བརྟེན་ནས་དུས་དེབ་ཀྱི་ཕན་ནུས་རང་བཞིན་མངོན་ཐུབ་པ་དེ་ཤེས་ལྡན་མི་སྣ་མང་པོས་ཉམས་མྱོང་གི་རྒྱུད་རིམ་ནས་རྙེད་པའི་ལྟ་ཚུལ་ཞིག་རེད།ལྟ་ཚུལ་དེ་ཡང་དག་པ་ཞིག་
རེད།འུ་ཚོ་ཐུན་མོང་ལ་དབང་བའི་རང་དེབ་རྫ་ཆུའི་རླབས་སྒྲ་འདི་ཡང་དེ་ལས་ལྡོག་ཏེ་ཁ་ཕྱོགས་ངེས་གཏན་མེད་པར་ཁྱིམ་ཚང་གི་ལས་དོན་དང་ཚོང་ལས་ལྟ་བུ་ཞིག་གི་འདུ་ཤེས་བཟུང་ན་
གཏན་ནས་མི་འགྲིག་གི་ཟེར་འདོད་གི་ཡོད།དུས་དེབ་ལ་དུས་དེབ་ཀྱི་འགྲོ་ཕྱོགས་འདུག་ཕྱོགས་ཤིག་ཡོད་པ་རེད།མི་རེ་རེའི་བསམ་ཚུལ་བཞིན་གང་ལ་བསྒྱུར་ཆོག་ཆོག་དང་དུས་ཚོད་ངེས་བཟུང་
མེད་པར་གཡག་ཆད་ཀྱིས་ལྕོ་བཏང་བའི་དཔེ་རུ་སོང་ན་དུས་དེབ་དེ་ལ་ལོ་རྒྱུས་ཀྱི་རིན་ཐང་མེད་ལ།དེ་ལས་ཕན་འབྲས་གཡུལ་དུ་ཟ་བ་ཞིག་ཀྱང་འོང་མི་ཐུབ།འཕེལ་རྒྱས་རང་བཞིན་དང་གསར་
གཏོད་རང་བཞིན་ལས་རིགས་ཅི་དང་གང་ཞིག་ཡིན་རུང་དང་པོ་བརྟན་བརླིང་རང་བཞིན་གྱི་རྨང་གཞི་ཞིག་ནས་འགོ་རྩོམ་དགོས་པ་ལས་ཤེས་ཐུབ་གི།སྤྱིར་དུས་དེབ་ཀྱི་འགན་ཁུར་མི་སྣ་ཟེར་དུས་
དུས་རབས་ཀྱི་བསམ་བློས་ཕྱུག་པ།རྩོམ་རིག་གི་རིན་ཐང་རྟོགས་པ།སྒྱུ་རྩལ་གྱི་སེམས་ཁམས་ཡོད་པ་ཞིག་ཡིན་དགོས་ཀྱི་གདའ་སྟེ་འུ་ཚོར་འདི་འདྲའི་ཆ་རྐྱེན་འཛོམ་མཁན་ཞིག་བྱུང་མ་མྱོེང་པ་རེད། འདི་ནི་འུ་ཚོའི་མི་རབས་ནས་མི་རབས་རྒྱུད་ནས་འོང་བའི་ཕམ་ཁ་ཞིག་རེད།ཕམ་ཁ་འདི་ལས་བརྒལ་བར་འུ་ཚོ་ཐུན་མོང་གིས་ནུས་ཤུགས་ཕུད་ནས་རིག་གནས་ཀྱི་རྨང་གཞི་དང་སློབ་གསོའི་
འདུ་ཤེས་ལྡན་པའི་མི་རབས་གསར་བའི་དཔུང་སྡེ་ཞིག་སྐྱེད་བསྲིང་བྱེད་དགོས་པ་རེད།བསམབློའི་ཤེས་ཡོན་ཟེར་ན་འདྲ།མི་རིག་རིག་པ་ཟེར་ན་འདྲ།རྒྱ་ཆེ་ས་ཆུང་ས་གང་ནས་བཤད་རུང་མཐར
་ཐུག་གི་དོ་ཁུལ་བྱ་ཡུལ་ནི་མི་ཡི་འགྲོ་བ་འདིས་རང་ཉིད་འཚོལ་རྟོག་བྱེད་པའི་རྒྱུད་རིམ་ཞིག་ལས་འདའ་ཐུབ་མེད་པ་རེད།

སྨེང་བ།

དགོན་འདབས་ཀྱི་སྨྲེང་བ།

སྣ་ཚོགས་མིག་གི་མཛེས་པ་གླུ་སྐད་ལ་བཅོལ་བའི།།  ཡིད་ཀྱི་འཁྲི་ཤིང་མཉེན་པའི་ངག་རིག་གི་རྒྱལ་སྲས།།
སྟོང་ལྡན་རྒྱུད་སྐུད་སྟེང་གི་འཚོ་ཞེན་གྱིས་དེད་ནས།།  སྟོང་འདང་འཇའ་ཚོན་འཚོལ་བའི་སྟ་གོན་ལ་ཆས་ཡོད།།

མ་བཅོས་ངག་ལ་བྱང་བ་ཐ་སྙད་ཀྱི་རི་ཚོགས།། ཡིད་ཀྱི་གཙང་བོར་འཁྱིལ་བ་ཀུན་རྟོག་གི་ལྷ་མོ།།
སྣང་སྟོང་ཉམས་ཀྱི་ཕྱུག་པའི་འཁོར་འདུས་ཀྱི་པང་ནས།། བློ་ཡི་ནམ་མཁའ་དྭངས་མོ་སྨུག་སྤྲིན་གྱིས་གཡོགས་སོང་།།

དགའ་སྐྱོ་ཟུང་གི་བཞེངས་བའི་སྙན་ངག་གི་འཚོ་བ།།  སྟོང་སེམས་རི་མོ་བྲིས་བ་བཤུལ་སོང་གི་རྐང་རྗེས།།
ཕམ་ཁ་བརྗོད་ཐུབ་བྲལ་བའི་ཁེར་རྐྱང་གི་སྤྲང་བོ།། འགལ་འདུ་སྟོང་ཕྲག་བརྩེགས་པའི་རི་གྲོང་ན་སྨྲེང་ཡོད།།

ལན་རེར་དགོད་པའི་སྐད་སྒྲ་བར་སྣང་དུ་སྤུར་ཞིང་།།  ཐེངས་རེར་གདུང་བའི་འཆི་མ་སེམས་ཁོང་དུ་མུད་བཞིན།།
ཡིད་ཆད་གདུང་བའི་ངལ་བ་སྨྱུག་རྩེ་རུ་འདྲེན་པོ།།  མི་ཚོགས་རླུང་གིས་ཁུར་བའི་ལྡོག་ཕྱོགས་སུ་འགྲེང་ཡོད།།

ས་ཆེན་ཧྲིལ་གྱིས་བརྒལ་བའི་གོམ་སྟབས་འདི་ཆེ་སོང་།།  མི་ཚེའི་དབྱངས་རྟ་རྙེད་སའི་ཁོར་ཡུག་དེ་དོག་པ།།
མཁོ་མེད་ཅོལ་ལ་ཞེན་པའི་བློ་ཆུང་གི་ངག་ནས།།  ལྟ་ལོག་ལྟས་ངན་འདོགས་པའི་བསྒྲགས་གཏམ་ཞིག་སྤེལ་སོང་།།

ལོག་རྟོག་དོན་གྱི་སྙིང་སྟོབས་གླུ་སྐད་ཀྱིས་བསྐྱོར་ནས།། ངུར་སྨྲིག་མཚོན་ཁ་རལ་བའི་དགོན་འདབས་སུ་ཆེས་བས།།
བསམ་བློའི་འོད་ལ་གཤེ་བའི་མི་ཚོགས་ཀྱི་མདུན་ན།།  འཕྱ་སྨོད་སྟོང་གི་འབེན་དེ་ང་རང་ལས་སུ་ཡོད།།

མཐོ་བ་གསེར་གྱི་ཁྲི་དེ་ས་རྡུལ་གྱིས་གཡོགས་ཤིང་།།  དགེ་བཤེས་སྒམ་ཚིག་ཅན་ཡང་ནག་ཚོང་གིས་བྲེལ་དུས།།
སྟོན་པའི་གསེར་སྐུ་གཅིག་བོ་ལྷིང་འཇགས་ཀྱིས་བཞུགས་པ། །དུས་ཀྱི་མཐའ་ལ་ཐུགས་པའི་རང་འཚང་དེ་ཡིན་ནམ།།

དབྱིངས་དང་ཕ་མཐའ་བྲལ་བའི་རྐང་གླེང་གི་འགྱུར་ཁུགས།། འཚོ་བའི་ཁ་དོག་འཐོར་བའི་རྟོགས་སད་ཀྱི་ང་རོ།།
ལང་ཚོའི་སྐལ་དུ་མྱོང་བའི་རྒྱང་བཞུད་ཀྱི་མི་དེ།། གནམ་སའི་ལྷིང་འཇགས་འཁྱིལ་བའི་དགོན་འདབས་ན་སྨྲེང་ངོ།།

ས་ཆེན་གོས་ཧྲུལ་བརྗེ་བའི་དུས་ཚོད་ཀྱི་གཤོག་པ།།  འཕྲུལ་གྱི་མིག་ཟུང་ཕྱེ་བའི་ཐང་ཆེན་ན་རྡེབ་མོད།།
དགོས་མེད་ཁང་ཧྲུལ་བསྙལ་བའི་ནག་ཉེས་ཀྱི་ཡོལ་བ།། ད་དུང་དགོན་འདབས་འདི་ཡིས་མཛེས་པ་རུ་རློམ་ཡོད།།

མི་འདོད་རྣམ་འགྱུར་སྟོང་གིས་ཁ་མཐའ་རུ་དེད་ཅིང་།། ཡིད་ཀྱི་དག་གཙང་སྲུང་བའི་ཁེར་རྐྱང་གི་མི་ཞིག།།
ཁྱོད་ཀྱིས་བྱིན་པའི་ན་ཟུག་སྙིང་ཁུངས་སུ་རིམ་བཞིན།། བསྐྱར་གསོན་ཐེངས་ཤིག་རེ་བའི་སྤོབས་སེམས་ཀྱིས་ཁེངས་ཡོད།།

4.9.10

སྐྱེལ་མ།

ཡུལ་ཤུལ་་ས་ཡོམ་ལ་མྱ་ངན་ཞུ་བའི་གཞས་ཚིག དངངས་སྐྲག་མེད་པར་བཞུད་དང་།
གངས་ལྗོངས་ཀྱི་སྨོན་འདུན་ཡོད་ཚད། མ་ཎི་ཡོད་ཚད།
གསོལ་འདེབས་ཀྱི་དབྱངས་རྟར་བརྒྱུས་ནས།།
ཁྱོད་ཀྱི་ལམ་རྒྱགས་སུ་བརྫངས་ཡོད། ཁྱོད་ཀྱི་མགོན་སྐྱབས་སུ་བརྩལ་ཡོད།
ང་ཡི་འདས་པོ། ང་ཡི་སྤུན་ཟླ།

སེམས་པ་ལྷོད་ལ་བོབས་དང་།
གཏན་ནས་གངས་གྱི་ཡུལ་དང་གྱེས་བ་མི་སྲིད།
སྐྱེས་སྟོབས་གསར་བའི་དཔྱིད་མགོའི་མེ་ཏོག་ཇི་བཞིན།
སླར་ཡང་ཁྱོད་ཀྱིས་ལྗོངས་འདིའི་མཛེས་པ་རོལ་ཆོག
ང་ཡི་སྤུན་ཟླ། ང་ཡི་མི་རིགས།

3.9.10

གླུ་སྐད།

སྒྱུ་འཕྲུལ་ལྟ་བའི་གླུ་སྐད


སྒྱུ་རྩལ་ཁང་བརྩེགས་མཐོན་པོའི་ཡང་སྟེང་དུ་བུད་ནས།།
མི་གཤིས་དྭངས་གཙང་མཐོང་བའི་མིག་ཤེལ་ཞིག་གྱོན་དེ།།
ཀུན་རྟོག་སེམས་ཀྱི་རབ་རིབ་སྨྱུག་རྩེ་རུ་འདྲེན་པར།།
ཡིད་ཀྱི་དང་མ་འཇོ་བའི་ངག་རིག་འདི་མཛེས་སོང་།།

ཚེ་སྲོག་གསར་བའི་སྒྲ་དབྱངས་གླུ་སྐད་ལ་བརྒྱུས་ནས།།
མུན་པའི་རི་དཔུང་གཏོར་བའི་སྔོན་བརྡ་ཞིག་བསྒྲགས་དུས།།
བྱེ་མའི་ཐང་ཆེན་འདི་ཡི་ཕ་མཐའ་དེ་མཐོང་བར།།
དབྱངས་ཀྱི་ཆུ་ཐིག་འཁྱིལ་བའི་བློ་མིག་འདི་མཛེས་སོང་།།

རྨི་ལམ་སྟོང་གི་མཛེས་པ་སེམས་ཁུང་དུ་ཉར་བཞིན།།
རྒྱང་རིང་ཉི་མའི་གྲོང་ལ་སྨོན་འདུན་དེ་བཅོལ་དུས།།
གངས་ལྗོངས་གཙུག་ལག་གསར་བའི་སྐྱེད་ཚལ་དུ་བསྙེགས་པར།།
རིགས་ཀྱི་ཞེན་པ་འབར་བའི་སྨྱུ་གུ་འདི་ལགས་སོང་།།

ཉམས་མྱོང་འཚོ་བའི་རི་བོ་རྒྱབ་ལྗོངས་སུ་བཀུར་བཞིན།།
རྨད་བྱུང་བློ་ཡི་བཀོད་པ་གཟུགས་བརྙན་དུ་བཞིངས་དུས།།
ངུར་སྨྲིག་ལྷིང་འཇགས་སྲུང་བའི་ངལ་དུབ་ཀྱིས་བསྐྱེད་པའི།།
གདུང་སེམས་ཤུགས་ཀྱིས་གྱེར་བའི་གླུ་སྐད་འདི་མཛེས་སོང་།།

གདོད་མའི་ཁང་ཁྱིམ་སྟོང་གི་ཡོལ་བ་འདི་བཤིག་ནས།།
གནམ་སའི་གར་སྟེགས་འཚོལ་པའི་སྟ་གོན་ཞིག་བཙལ་དེ།།
ལོ་ཟླའི་ཆུ་རྒྱུན་རིང་མོ་ཁེར་བཞུད་ཀྱིས་སྤྱད་པར།།
སྣང་སྲིད་གླུ་རུ་འགུགས་པའི་སྨྲ་ལྕེ་འདི་མཛེས་སོང་།།

སྔོན་ཐོན་ལམ་དུ་བསྐྱོད་པའི་ཨ་གསར་ཞིག་འཕར་བས།།
དྲན་གཤིས་རང་ལུགས་སྟོང་གི་ཁ་གཏད་དུ་ལངས་དུས།།
བློ་དང་སྤོབས་པའི་ང་རོ་གང་འདོད་དུ་སྒྲོག་པར།།
གནང་བའི་གཙང་བོ་རྟོགས་པའི་གླུ་སྐད་འདི་མཛེས་སོང་།།

སྲ་མཁྲེགས་ལྟ་བའི་རྨང་གཞི་སྐད་ཅིག་ཏུ་གཏོར་བའི།།
སྒྱུ་འཕྲུལ་ཆར་བས་བརླན་པའི་སྨྱུག་རྩེ་ལ་འཇུས་བས།།
འགྱིག་བཟོས་ངོ་གདོང་རིལ་བའི་འབགས་བཙོག་ལས་ཐར་སོང་།།
དོན་མེད་ཀུ་ཅོ་སྒྲོག་པའི་ངང་ཚུལ་འདིའི་ཅི་བྱེད།།

མི་བདེན་སྒྱུ་མའི་གཟུགས་ཀྱི་གདོང་འབག་དེ་བཤུ་བར།།
རྣོ་ལྕགས་མཚོན་ཆ་བརྡལ་བའི་ངག་རིག་འདི་ལེགས་སོང་།།
དལ་བྲལ་གོམ་སྟབས་བསྒྱུར་བའི་རང་དབང་གི་གཤོག་པ།།
ཁྲུང་ཁྲུང་སྟོང་ཕྲག་འཕུར་བའི་མཁའ་དབྱིངས་སུ་བསྐྱངས་ཡོད།།

བསམ་བློའི་དབྱངས་རྟ་ཉམས་པའི་ཇག་ཚོགས་ཀྱི་འདོད་རྔམ།།
གྲངས་དང་ཁ་དག་གཙོ་བའི་ཅོལ་ཆུང་གི་བློ་མིག།
རྒུད་ཚོགས་གཡང་དུ་འགུག་པའི་ནག་ཉེས་ཀྱི་ཡོལ་བ།།
རྒྱལ་བའི་བཀའ་བསྟན་ཡིན་ཡང་རིན་ཐང་གིས་ཕུངས་འདུག།

གནམ་ས་གོ་ནོར་བྱུང་བའི་མི་ཚོགས་ཀྱི་མདུན་ནས།།
ལུས་སེམས་གུས་པ་མེད་པའི་ངང་ཚུལ་གྱི་འཚོ་ཡང་།།
དད་ཕྱག་ཐེངས་གསུམ་འཚལ་སའི་དྲང་བདེན་གྱི་སློབ་དཔོན།།
འདི་ཕྱིའི་ལམ་སྣེ་རྙེད་པའི་སྐྱབས་མཆོག་ཏུ་བསྐུལ་ལོ།།

མདུན་མཆོང་སྤོབ་པའི་ཁེང་བའི་ནང་སེམས་ཀྱི་མཛེས་པ།།
ཚེར་མའི་ལམ་འདི་བརྒལ་བའི་སྔོན་འགྲོ་རུ་ལགས་སོང་།།
ངག་རིག་མཁའ་འགྲོའི་དཀར་མོའི་གཤོག་སྟེབ་དུ་བསྡད་ནས།།
འཛམ་གླིང་གསར་བའི་ཁྱིམ་ལ་རྒྱང་བལྟ་ཞིག་བྱེད་འདོད།།

འདབ་ཆག་གཤོག་པ་ཐོགས་ནས་ནམ་མཁའ་ལ་འཕུར་ཅིང་།།
གཟིགམོ་སྤོབས་པའི་མ་ཐུབ་ནགས་ཀློང་ནས་ཤོར་རོང་།།
མི་གཞིའི་མཛེས་པ་སྲུང་བྱེད་ནང་སེམས་ཀྱི་འཚོལ་བསྙེགས།།
དཔྱོད་ལྡན་མི་རུ་སྐྱེས་བའི་གཏན་ཚིགས་སུ་ངེས་སོ།།
དཀར་འོད་མར་མས་ཁྱོད་ལ་ལམ་སྟོན་ཡོད

ཡུལ་ཤུལ་གནོད་ཐེབས་ས་ཁུལ་ལ་ཕུལ་བའི་གཞས་ཚིག

འབྲི་དྲུག་མ་ཎི་ཁྱོད་ལ་སྐྱེས་སུ་འབུལ།།
དག་གཙང་སེམས་པས་ཁྱོད་ལ་མཆོད་འབུལ་བྱེད།།
གདུང་སེམས་ཤུགས་ཀྱིས་མཆོད་ཆང་མཉམ་དུ་འདེགས།།
ཁེར་རྐྱང་སུན་པས་གདུང་བ་མ་གནང་ཞིག།

གསོལ་འདེབས་དབྱངས་ཀྱིས་ཁྱོད་ལ་སྐྱེལ་མ་ཡོད།།
དཀར་འོད་མར་མེས་ཁྱོད་ལ་ལམ་སྟོན་ཡོད་།།
བོད་རིགས་སྤུན་ཟླས་རྗེས་དྲན་རྟག་ཏུ་ཞུ།།
བདེ་བར་བཞུད་ཅིག་ལམ་དེ་ཐག་མི་རིང་།།

སྐྱེས་སྟོབས་གསར་བའི་དཔྱིད་མགོའི་མེ་ཏོག་བཞིན།།
ལྗོངས་འདིའི་མཛེས་པ་སླར་ཡང་རོལ་ཆོག་པས།།
བློ་ཕམ་མ་གནང་བདེ་བའི་ལམ་དུ་བཞུད།།
གངས་ལྗོངས་སྤུན་ཟླའི་སྨོན་འདུན་ཁྱོད་ལ་རྫོགས།།



གདུང་སེམས་ཤུགས་ཀྱིས་གྱེར་བའི་གླུ་སྐད་འདི།།
སེམས་ཀྱི་རི་གྲོང་བརླན་པའི་མིག་ཆུ་འདི།།
ཁྱེད་ཉིད་ཐེངས་ཤིག་ཕེབས་པའི་ལམ་རྒྱགས་ཡིན།།
ལྷོད་ཀྱིས་བཞེས་དང་ང་ཡི་སྤུན་ཟླ་ཡ།།

2.9.10

ཚོད་ལྟའི་གསར་འགྱུར།

དེ་རིང་སྔ་དྲོ་རྩོམ་པ་པོ་ཆུང་ཚེ་རིང་གིས་ཁོ་རང་གི་ཁྲོའུ་ཁྲོལ་དྲ་ཚིགས་སུ་མགོན་པོ་གང་གིས་དགོན་སྡེ་དག་གི་རྒྱས་སྤྲོས་དང་གཞིས་གྲོང་ཁག་གི་འཚོ་བ་ཆ་མི་གཉོམ་པའི་གནས་ཐོན་པ་འདི་མི་འགྲིག་པར་གསུང་བ་འཁོད་འདུག

སྔོན་གླེང་།

བདག་གིས་དེ་སྔ་བསམ་གཞིག་ཐན་ཐུན་རེ་དང་ལྷན་དུ་དུ་བཀླགས་ཟིན་པའི་གཞུང་ལུགས་དག་ལ་མི་འགྱིང་པར་གཏིང་ནན་གྱིས་ཞིབ་འཇུག་དང་རིག་པ་རྩེ་གཅིག་ཏུ་བསྒྲུམས་ཏེ་ཤེས་རབ་དང་བརྩོན་འགྲུས་ཀྱི་ཅི་ལྕོགས་གང་ལྕོགས་ཀྱིས་ཡི་གེའི་གཟུགས་སུ་བསྒྱུར་བའི་འབད་པ་བྱེད་རྒྱུའི་དག་བཅའ་བྱས་ཟིན་པ་ཡིན།

བོད་ཀྱི་ལོརྒྱུས།

བདག་གིས་དེ་རིང་ནས་བཟུང་ཁོ་བོའི་ཟིན་བྲིས་སུ་མདོ་སྨད་པ་ཡོན་ཏན་རྒྱ་མཚོས་བརྩམས་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གཅིས་བསྡུས་ཞེས་པ་དེ་ཆེད་འགོད་
བྱེད་རྒྱུ་ཡིན།ལོ་རྒྱུས་འདི་ནི་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ན་དྲ་ཚིགད་དང་དཔེ་དེབ་སོགས་མདོར་ན་ཡི་གེའི་གཟུགས་གང་གི་སྟེང་དུ་མཐོང་བ་དཀོན་ཞིང་དཔྱད་པ
་དོན་གྱི་མཐར་ཐུག་པའི་ལོ་རྒྱུས་ཁུངས་མ་ཞིག་ཡིན་པའི་རྒྱ་ཆེའི་ཀློག་མཁན་དག་གི་མི་ལམ་དུ་བསྟར་རྒྱུ་ཡིན

རྒྱང་ནས་འོང་།

སྤྲིན་དཀར་ཐོད་ལ་བཟུང་ནས་འོང་།

ས་ཆེན་གོམ་པའི་འཇལ་ཞིང་འོང་།
རྒྱང་ལ་འཐེན་པའི་ལམ་སྣེ་རུ།།
དཀའ་སྡུག་རི་མོ་བརྐོས་ནས་ཡོད།།

དྲན་གདུང་དབྱངས་ལ་གྱེར་ཞིང་འོང་།།
མེ་དཔུང་སྙན་ངག་འབྲི་བཞིན་འོང་།།
ཆུ་བོའི་རྫ་ཆུའི་རླབས་རྒྱུན་རེས།།
མི་ཚེའི་དབྱངས་རྟ་གསར་ཏུ་བསྐྲུན།།

ཨ་མའི་བཀའ་དྲིན་དྲན་ཏེ་འོང་།།
ཀ་ཁའི་མཛེས་པ་འཚོལ་ཞིང་འོང་།།
ཧི་མ་ལ་ཡི་རི་ཚོགས་མཐོང་།།
མིག་ཆུ་ཕྱིས་ནས་ཕྱག་གསུམ་འཚལ།།

འཇིག་ཉེན་ཁྲོད་ཀྱི་འཚོ་བ

དྲིན་ཆེན་ཕ་མས་ང་ལ་གནང་བ།། བླ་སྲོག་ནོར་བུའི་གཞིས་ཀ་འདི་ཡིན།/

ཤེས་རིག་ལས་ཀྱི་རྣམ་གྲངས་དག་གིས།། གཞིས་ཀ་འདི་ཡི་མཛེས་པ་སྲུང་ཡོད།།

ལོ་རྒྱུས་རིག་པས་ང་ལ་བཅོལ་བ།། མི་རིགས་ཅེས་པའི་མིང་ཚིག་གཉིས་ཡིན།།

ཐུན་མིན་རུས་ཀྱི་འགྲོ་བ་འདི་ཡི།། དར་རྒུད་ང་ཡི་སེམས་ལ་བྲིས་ཡོད།།

ཡབ་མེས་བཙན་པོས་ང་ལ་བཞག་པ།། འཇིག་ཉེན་ཁྲོད་ཀྱི་འཚོ་བ་འདི་ཡིན།

འཚོ་གནས་འདི་ཡི་བྱུང་འདས་རེ་རེ།། ང་ཡི་སྲོག་དང་རྟེན་ཅིང་འབྲེལ་ཡོད།།

གླུ་སྐད་ཅིག་གི་ཆོག་འདུག

འཚོ་བའི་རྒྱབ་ལྗོངས་རྙེད་པར།།

དཀའ་ལས་དེ་ཙམ་མི་འདུག

།བདེན་པ་མཐོང་བའི་སྨྱུག་རྩེ།།

སྲིད་པའི་གྲོང་ལ་བཀོལ་ཡོད།།

རང་དབང་འཚོ་བའི་གླུ་སྐད།།

ལ་དང་ལུང་ནས་གྱེར་ཡོད།།

མཚན་མོའི་ལྷིང་འཇགས་བཅོམ་པར།།

གླུ་སྐད་ཅིག་གི་ཆོག་འདུག

།རྩ་ཐང་སྙན་ངག་འདྲ་བོ།།

ཕྱི་མིག་ཁྲོད་ནས་ལུས་སོང་།།

སྦྲ་ནག་འཚོལ་བའི་ལམ་དུ།།

མ་ཎི་མགུར་དབྱངས་ཁྱབ་འདུག།

མཐིང་སྨུག་སྦྲ་ཡི་ཁྱོན་ཐག།

སྲིད་པའི་ཡུལ་ལ་འཐེན་ཡོད།།

ཨ་ཅེ་འབྲོག་མོའི་བརྩེ་སེམས།།

འབྲི་དང་འོ་མར་བཅོལ་ཡོད།།

དབྱངས་གསལ་སོ་བཞིའི་མཛེས་པར་།།

སྲོག་དང་རྣམ་ཤེས་བརླན་པས།།

རླུང་གིས་ཁུར་བའི་རྗེས་ཤུལ།།

སླར་ཡང་འཚོལ་དགོས་བྱུང་ཡོད།།

ཉེན་ཁའི་མདུན་དུ་ལངས་བ།།

ང་ཡི་སྤུན་ཟླ་ཡིན་འདུག།

སྨུག་པའི་བསེབ་ནས་བོར་བ།།

ང་ཡི་ལེགས་བཤད་ཡིན་འདུག།

1.9.10

ལྷ་ས་ནས།

ལྷ་ས་ནས། ་ང་ཡི་སྙན་ངག་གི་ནམ་མཁའ་ལུས་སོང་།


འཇིག་རྟེན་གྱི་ཁ་དོག་ལུས་སོང་། རང་དབང་ལུས་སོང།  གླུ་སྐད་ལུས་སོང་། ལྷ་ས་ནས།ངས་ཀ་མུད་སུམ་ཅུར་བརྒྱུས་བའི་ཚེ་སྲོག་གི་སྟོབས་ཤུགས་ལུས་སོང་། པོ་ཏ་ལས་ང་ལ་བསྐྱུར་བའི་ལོ་རྒྱུས་ཀྱི་བདེན་པ་ལུས་སོང་། ན་ཟུག་ལུས་སོང་། དྲན་གདུང་ལུས་སོང་། ལྷ་ས་ནས།རྣམ་འགྱོར་ཚངས་དབྱངས་བའི་གདུང་སེམས་ཀྱི་སྨོན་འདུན་ལུས་སོང་།

ཡ་ཐོག་མཛངས་མི་བདུན་གྱི་དཔའ་འཛངས་ཀྱི་སྙིང་སྟོབས་ལུས་སོང་།

རྟུལ་ཕོད་ལུས་སོང་། གཞུང་དྲང་ལུས་སོང།
ལྷ་ས་ནས།

དགེ་འདུན་ཆོས་འཕེལ་གྱི་མི་ཡུལ་ལ་རྒོལ་བའི་བདེན་དོན་ལུས་སོང་།

དབྱངས་གསལ་གྱི་སྨྲ་ལྕེ་ལུས་སོང་། ངས་ད་དུང་ལྷ་ས་ནས།སྒྲོལ་མ་ཟེར་བའི་བུ་མོ་ཞིག་གི་བརྩེ་ཞེན་གྱི་མཆི་མ་ལུས་སོང་།

སེམས་པ་ལུས་སོང་། ཕྱི་མིག་ལུས་སོང

གཅན་མེ་སྟག་གིས་སྙན་ངག་གླེང་བ།

ལོ་འདི་འགར་ཚོར་བ་ཞིག་དེད་དེད་ནས་ངས་གདོད་ཐོག་མའི་དྲན་སྣང་རིགས་ཤིག་གི་བསྐྱར་གསོན་གྱི་འབོད་སྐད་དེ་ཐོས་བྱུང་། རྒྱུ་དེས་ངས་སྙན་ངག་གི་གཉུག་གཤིས་དངོས་ནི་དྲན་སྣང་གང་རུང་ཞིག་གི་སླར་གསོ་ཡིན་པར་རྟོགས་ཤིང་། སྙན་ངག་འབྲི་བ་ནི་སྤྱི་ཁྱབ་དོན་སྙིང་གི་སྟེང་ནས་བཤད་པའི་གཡོ་མེད་ཀྱི་བདེན་ལུགས་གང་ཞིག་འཚོལ་བའི་བརྒྱུད་རིམ་མིན་པའང་ཞར་གྱིས་རྟོགས་སོང་། ཚད་ངེས་ཅན་ཞིག་ནས་བལྟས་ན། སྙན་ངག་ལ་རང་ཉིད་ཐུན་མིན་གྱི་ཁྲིམས་སྲོལ་ཞིག་ཡོད་པར་བཤད་ཆོག་སྟེ། སྙན་ངག་གིས་ཐོག་མཐའ་བར་གསུམ་དུའང་བདེན་དོན་ཞིག་སྙེགས་ཀྱིན་ཡོད་འདུག འཚོ་བའི་བདེན་པ་དང་དུངས་ཚོར་གྱི་བདེན་པ་ནས་མཐའ་མཇུག་གི་སྐད་ཆའི་བདེན་པའི་བར་དུ་སྙན་ངག་གིས་ཁྱབ་ཡོད་ཕྱིར། འདི་ནི་སྦྲིད་སྨན་ལྟ་བུའི་སྙན་ངག་གིས་མི་རྣམས་ར་བཟི་བར་བྱེད་པའི་དོན་སྙིང་དེ་ཀ་རེད་འདོད།


སྙན་ངག་པ་ལ་ཕུན་སུམ་ཚོགས་པའི་ཚོར་ཤུགས་སྐྱེན་པོ་ཞིག་དགོས་ལ། ཚད་ལས་བརྒལ་བའི་བཟོད་པ་ཞིག་ཀྱང་དགོས་ཏེ། ཀློང་ཡངས་པའི་སྐད་ཆའི་སྒྲ་འབྲུ་དག་གི་ཀློང་དུ་ཞུགས་དུས་བདག་མེད་ཀྱི་སྒོམ་སྟོབས་ལྟ་བུའི་ཟག་མེད་ཀྱི་རྟོག་སྣང་ཞིག་ཀྱང་ངེས་ཅན་དུ་དགོས་ཏེ། བཏང་ན་དགེ་བའི་དམིགས་པ་ཀུན་ལ་འགྲོ་བ་ལྟ་བུའི་རྟོག་སྣང་ཞིག་གིས་ད་གཟོད་འབྲི་མཁན་རང་གི་འཚོ་བའི་མྱོང་ཚོར་བྱེ་བྲག་པ་གང་ཞིག་འདུ་ཤེས་འོག་མའི་བཀག་རྒྱ་ལས་གྲོལ་བར་བྱེད་ཀྱིན་ཡོད། དེ་དཔྱད་སྟོབས་ཤིག་མིན་ལ། སྡོམ་ཚིག་ཅིག་ཀྱང་མིན་པར།དེ་ནི་བདེན་དོན་ཞིག་སྟེ།སྙན་ངག་ཁོ་རང་ཉིད་ལ་དབང་བའི་བདེན་དོན་ཞིག་རེད། བདེན་དོན་དེ་ལ་མཚོན་དོན་དང་དཔེ་གཟུགས་གང་ཡང་ཡོད་པ་མ་རེད།

ཚད་གཞི་འདིའི་སྟེང་ནས་བལྟས་ན། སྙན་ངག་བྱ་བ་དེ་རབ་རིབ་ཅན་ཞིག་མིན་ལ། ཡོངས་སུ་གསལ་བ་ཞིག་ཀྱང་མིན་པ་མ་ཟད། ཡིག་འབྲུས་མཚོན་པར་བྱེད་པ་རྐྱང་ཞིག་ཀྱང་མ་རེད། སྙན་ངག་བྱ་བ་དེ་བརྒྱན་ཚིག་ཅིག་མིན་པར་བར་དང་མཚམས་མེད་པར་སེམས་ཀྱི་གསང་གནས་འཚོལ་བའི་དམིགས་པ་ཞིག་རེད། དེའི་དབང་གིས་སྙན་ངག་འབྲི་བ་བོ་དེས་ངེས་པར་དུ་རང་ཉིད་དམ་བདག་ཅེས་པའི་ལྟ་ཚུལ་འདི་རྨང་ནས་འདོར་དགོས་ཤིང་། དེ་འདོར་བ་ནི་སྔར་ལས་གཏིང་ཟབ་པའི་སྒོ་ནས་དམིགས་པ་འབྱོངས་བར་བྱེད་པའི་རྐྱེན་ཡིན། དམིགས་པ་གང་ལ་འབྱོངས་དགོས་སམ་ཞེ་ན། དངོས་པོའི་ཟུར་དང་སྣེ་མི་འདྲ་བ་སྣ་ཚོགས་ཁྲོད་ཀྱི་བག་ཆགས་ཤིག་གམ།རབ་རིབ་མག་མོག་ཏུ་སྣང་བའི་ཚོར་བའི་གས་སྲུབས་ཤིག་གམ།ཕན་ཚུན་བསྣོལ་མར་འདྲེས་པའི་རྟོག་འཆར་གྱི་ཆ་ཤས་ཤིག་གམ། ཟབ་ཅིང་གཏིང་མི་དཔག་པའི་རིག་པའི་མཐའ་མཚམས་ཤིག་ཡིན་འདུག

ང་རང་ནམ་དུ་ཡང་ཡིད་ཆེས་པ་ཞིག་ལ་སྐད་ཆ་ནི་མིའི་རིགས་སྐྱེ་འཆི་ཡི་རྨང་རྡོ་གོར་མོ་དང་། ཚེ་སྲོག་གི་སྙུང་གཟུགས་མཆོད་རྟེན་ཞིག་ཡིན་པ་དེ་རེད།སྐད་ཆ་དེ་ལ་ལྗོན་ཤིང་ཞིག་གམ་སྤྲིན་པ་ཞིག་ལས་ཀྱང་མངོན་སུམ་གྱི་བདེན་པའི་རང་བྱུང་གི་ཁྱབ་ཁོངས་ཡོད་ཅིང་། དེའི་ཁྲོད་ཀྱི་གཉིས་སུ་མེད་པའི་བདེན་དངོས་དང་ནུས་ལྡན་གྱི་སྐད་ཆ་ནི་སྙན་ངག་རེད་འདུག སྙན་ངག་གི་སྐད་ཆ་དེ་ལ་སྟོངས་ཆའམ་ཞན་ཆ་གང་ཞིག་ཡོད་ནའང་དེ་ཡང་བདེན་དངོས་དང་ནུས་ལྡན་འབའ་ཞིག་ཡིན་ཞིང་། ཕྱོགས་ངོས་ཤིག་ནས་བཤད་ན་སྙན་ངག་གི་ཞན་ཆ་དེ་ནི་མིའི་རིགས་ཀྱི་ཞན་ཆ་ཡིན་ཞེས་བཤད་ཆོགཕུལ་དུ་བྱུང་བའི་སྙན་ངག་དེ་ནི་རང་བྱུང་གི་དངོས་པོ་ཞིག་དང་འདྲ་བར་དེའི་སྟེང་དུ་འདྲེས་སྦྱོར་དང་ཆད་ལྷག་གི་རྡུལ་སྙིགས་གང་ཡང་ཡོད་པ་མ་རེད།

རང་སྣང་གི་གབ་སྦས་དང་སྔོགས་འདོན་གོ་རིམ་ཁྲོད་ཀྱི་གས་ཆག གཟུགས་འགྱུར་ལ་སོགས་གང་ཡང་མེད་པར་རང་རྟོགས་སམ་རང་རྟོགས་མ་ཡིན་པའི་ཚུར་སྣང་ཡོད་ཚད་ནི་སྙན་ངག་གིས་མི་ལ་བྱིན་པའི་ཟུག་གཟེར་གྱི་བསླུ་བྲིད་འབའ་ཞིག་ཡིན། སྙན་ངག་ཅིག་འགྲུབ་པའི་གོ་རིམ་ཁྲོད་དུ་སྙན་ངག་གིས་ལྷ་སྒྲུང་ནང་བཞིན་གྱི་སེམས་པའི་དཔེ་གཟུགས་ཤིག་གི་ནུས་པ་འདོན་བཞིན་ཡོད་དེ། དེ་ནི་མིའི་རིགས་དུངས་ཚོར་གྱི་བསྐྱར་གསོ་ཡིན་ནོ། ། དེ་ཡིས་དུངས་ཚོར་ཡོད་ཚད་ཀྱི་འབྱུང་རྐྱེན་དང་ཆགས་འཇིག་མཚོན་བཞིན་ཡོད་ཅིང་།དུངས་ཚོར་བྱ་བ་ནི་སྐབས་རེར་གདོང་འབག་ཅིག་ཡིན་ཆོག་ལ་སྐབས་རེར་གཉུས་གཤིས་དག་མ་དེའང་ཡིན་ཆོག མདོར་ན་སྙན་ངག་བྱ་བ་ནི་སྐད་ཅིག་མའི་རང་བཞིན་ཅན་ཞིག་ཏུ་འདོད་ཅིང་། དུས་ཚོད་ཡོད་ཚད་ཀྱི་མ་ཡུམ་དུ་གྱུར་བའི་སྙན་ངག་དེས་ད་གཟོད་ང་ཚོ་དུས་ཚོད་ཀྱི་དྲ་རྒྱའི་ཀློང་ནས་ཡང་དང་ཡང་དུ་བཅིངས་གྲོལ་གཏོང་བཞིན་ཡོད།

ཕུལ་དུ་བྱུང་བའི་སྙན་ངག་ཅིག་ནི་མི་ཡུལ་གྱི་ཆེས་ལེགས་པའི་སེམས་གསོ་ཐེངས་ཤིག་ཡིན་ཟེར། རང་གིས་སྙམ་ན་དེ་ལྟའི་སྙན་ངག་ཅིག་འགྲུབ་དགོས་ཚེ་གབ་སྦས་ཀྱི་དཔེ་མཚོན་ཁོ་ནས་འགྲུབ་ནུས་པ་ཞིག་གཞར་ཡང་མ་རེད། གབ་སྦས་ཀྱི་དཔེ་མཚོན་དག་ནི་སྐད་ཆ་དང་དངོས་པོའི་བར་དུ་གནས་ཤིང་སྐད་ཆའི་ནང་རིམ་ནས་གྲུབ་དགོས་པ་ཞིག་རེད་འདོད་ཅིང་། དེ་བས་ཀྱང་ཆ་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། ང་ཚོས་ངེས་པར་དུ་བརྗེད་ངེས་ལ་སློབ་སྦྱོང་བྱ་དགོས་ཏེ། སྐད་ཆ་བརྗེད་པ་དང་རྩོམ་རིག་བརྗེད་པ།ང་ཚོ་རང་ཉིད་ཀྱི་དམིགས་མདུན་ཡོད་ཚད་བརྗེད་པར་བྱ་དགོས།དེ་ལྟར་བྱས་པས་ང་ཚོར་མ་མཐའ་ཡང་ནོར་འཁྲུལ་ཆེས་ཉུང་བའི་བདེན་པ་ཞིག་རྙེད་པར་འགྱུར་ལ། བསམ་དཔག་ལས་འདས་པའི་འོད་སྣང་གཅེར་བུ་ཞིག་ཀྱང་འཐོབ་པར་འགྱུར་སྲིད་སྙམ།

སྙན་ངག་ཅིག་འབྲི་བ་ལ་སྙན་ངག་པ་དེ་ནི་ཚོགས་ཞུགས་པ་ཞིག་གི་གོ་གནས་ལས་ཅི་ཡང་མ་འདས་ཏེ། ཁོ་ནི་མུ་ཏིག་ཅིག་སྦྲུམ་པའི་གོ་རིམ་ཁྲོད་ཀྱི་ཆེས་སྔ་བའི་བྱེ་ཟེགས་རྡོག་པོ་ཙམ་རེད། ཁོས་ནི་ས་བོན་གང་ཞིག་གཏོར་བ་ཙམ་སྟེ། སྙན་ངག་དེ་སྙན་ངག་ཅིག་ཏུ་འགྲུབ་པའི་གོ་རིམ་ནི་ས་བོན་རང་ཉིད་སྐྱེ་འཕེལ་འབྱུང་བའི་གོ་རིམ་ཞིག་རེད་འདོད། དེ་སྐྱེ་བའམ་འཆི་བ་གང་ཡིན་ཀྱང་སྙན་ངག་ཡིན་དགོས་པས། སྙན་ངག་བྱ་བ་དེ་མིས་བཟོས་ཀྱི་རྫ་ཆས་ཤིག་གམ་མགུལ་རྒྱན་ཞིག་མ་རེད་སྙམ། ཡིག་འབྲུ་གཅིག་གམ་ཐ་སྙད་ཅིག་ལ་ང་ཚོས་ཁོས་མཚོན་ནུས་ཀྱི་དོན་སྙིང་ཞིག་བསྣན་པ་དང་དུས་མཚུངས་སུ། ཐ་སྙད་དེ་རང་ལའང་རང་ཉིད་ཀྱི་དབུགས་ཀྱི་འབྱིན་རྔུབ་དང་པགས་གཉེར་གྲུབ་ཡོད་ཅིང་། ཁོ་རང་ཉིད་ལ་རང་ཉིད་ཀྱི་ལས་དབང་གནས་ཡོད་པས། ང་ཚོས་ཅིས་ཀྱང་ཐ་སྙད་དེ་ལ་གུས་བཀུར་བྱ་དགོས། ཡང་གཅིག་བཤད་ན། ང་ཚོས་སྙན་ངག་ཅིག་གི་འབྱུང་རྐྱེན་ལ་གཏིང་ཟབ་པའི་ངེས་ཤེས་ཡོད་དགོས་པ་དེ་ཡིན།

མཛེས་དཔྱོད་རིག་པའི་ངོས་ཐད་ནས་བལྟས་ན། སྙན་ངག་པས་སྙན་ངག་ཅིག་རྩོམ་པར་ཁོ་རང་ཉིད་ལ་མཚོན་ན་གསར་བ་གསར་རྐྱང་གི་སྔོན་འགྲོ་ལྟ་བུ་ཞིག་ཡིན་ཞིང་། སྙན་ངག་གིས་ཀྱང་དེའི་ལྡོག་ཕྱོགས་ནས་སྙན་ངག་པར་རང་གི་གསར་རྩོམ་གྱི་གོམས་ལུགས་དང་། སྲོལ་རྒྱུན་དང་རིན་ཐང་། སྤྱི་ཁྱབ་ནས་ཁས་ལེན་ཐུབ་པའི་མཛེས་དཔྱོད་ཀྱི་ལྟ་སྟངས།སྙན་ངག་པ་རང་གི་འཚོ་བའི་མྱོང་བའམ་བདེན་བདེན་དུ་འདོད་པའི་ལྟ་ཚུལ་ཡོད་ཚད་ལ་དོགས་གཟབ་བྱེད་པར་སྐུལ་གྱིན་ཡོད། དེའི་རྒྱུ་གཙོ་བོ་ནི་སྙན་ངག་ནི་སྐད་ཆ་ཡིན་པ་ལས་མི་མ་ཡིན་པ་སྟེ། དེ་ནི་ད་གཟོད་སྤྱི་ཚོགས་འབྲེལ་བ་ཡོངས་ཀྱི་འདུས་མདོ་ཡིན་པ་དེ་རེད། ང་ཚོས་ང་ཚོ་རང་ཉིད་ནི་སྐད་ཆའི་གྲིབ་གཟུགས་ཤིག་ཡིན་པ་བརྗེད་པར་བྱས་ཤིང་། སྐད་ཆ་ནི་ཚེ་སྲོག་གི་མ་ཡུམ་ཡིན་པ་བརྗེད་པར་བྱས་ཏེ། དེ་ནི་ལག་ཆ་ཁོ་ན་ཞིག་ཡིན་པའི་ལྟ་ཚུལ་བཅངས་ཚེ།མི་དང་མིའི་བར་གྱི་འབྲེལ་འདྲིས་ཡོད་ཚད་ནི་མགོ་མཇུག་འཁྲུལ་ཅིང་དབུལ་ཕོངས་ཤིག་གི་སྣང་ཚུལ་ལས་མ་འདས།

འདི་ལྟ་བུའི་སྙན་ངག་ཅིག་འབྱུང་བ་ནི་སྐད་ཆའི་ཁྲོད་ཀྱི་གསང་བའི་ཕོ་བྲང་ཞིག་ཡིན་པར་ང་རང་ནམ་དུ་ཡང་ཡིད་ཆེས་ཡོད་དེ། དེའི་འགལ་འདུ་དང་འཁྱོག་གཟུགས།བསྣོལ་འདྲེས།འཕྲུལ་སྣང་དག་ཀྱང་རེས་ཆད་རེས་གསལ་གྱི་གློག་བུམ་ཞིག་དང་འདྲ་ལ། རྟོག་ལྗོངས་ཀྱི་མེ་ལོང་དག་ཀྱང་ཆགས་གས་སུ་འགྲོ་ངེས་དེ། གསར་བ་གསར་རྐྱང་གི་རླུང་བུ་གང་ཞིག་ལྡངས་བའི་བར་དུ།

༢༠༡༠ལོའི་ཟླ༨པར་ཟི་ལིང་ནས།



[རྩོམ་གྱི་ཡོང་ཁུངས།